ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས།

སྤེལ་དུས 2024-06-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཟླ་6ཚེས་22ནས་26ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བཞིན་ཡོད་པ་དང་། འདི་ནི་2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་། 2022ལོར་ཙུང་ཐུང་ཏུའུ་ཏཱ་ཀྲུང་གོར་ཕེབས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་སླར་ཡང་ཞལ་འཛོམས་གནང་བ་དེས་འགོ་འཛུགས་ས་དེ་བས་མཐོ་བའི་ངང་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་རིམ་སྤོར་ཡོང་བར་ཁྲིད་སྟོན་དང་སྒུལ་ཤུགས་དེ་བས་ཆེ་བའི་ངང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱིས་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་དང་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་བརྡ་རྟགས་ཧུར་ཐག་བཏང་ཡོད།
  ཕན་ཚུན་བརྩི་འཇོག་དང་རང་བཙན་རང་བདག་ལས་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཡུན་རིང་གནས་རྒྱུ་དང་ཕོ་ལན་ནི་ཀྲུང་གོ་གསར་པ་ཁས་བླངས་ནས་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་གྱི་ཡོད། ཕྱོགས་གཉིས་པོས་རང་བཙན་རང་བདག་གྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་དང་ལྟ་རྟོག་བྱས་ཏེ་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་ཇི་ལྟར་ཕྱིན་རུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆབས་ཅིག་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། གཉིས་ཁེ་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཡོད།
  གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་མཉམ་གཉེར་བྱས་ནས་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གསོན་ཤུགས་ཀྱིས་ཁེངས་པར་བྱས་ཡོད། འདས་ཟིན་པའི་ལོ་ལྔའི་རིང་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལོ་རེར་ཆ་སྙོམས་འཕར་ཚད་10%ལས་བརྒལ་ནས་2023ལོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་420ཟིན་ཡོད། ཀྲུང་གོ་ནི་ལོ་མང་བསྟུད་མར་ཕོ་ལན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་ཡིན་ཞིང་། ཕོ་ལན་ནི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན། ཕོ་ལན་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྲིད་གཞུང་དབར་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ཀྲུང་ཡོའི་དུས་གཏན་མེ་འཁོར་90%ཙམ་ཕོ་ལན་བརྒྱུད་ནས་སྐྱོད་པའམ་ཡང་ན་ཕོ་ལན་དུ་འབྱོར་གྱི་ཡོད། ཀྲུང་གོ་དང་ཡོ་རོབ་དབུས་ཤར་ས་ཁུལ་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་བ་ཡིན་པའི་ཕོ་ལན་གྱི་གནས་བབ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཀྲུང་གོའི་མ་འཇོག་ཁེ་ལས་དེ་བས་མང་བ་ཕོ་ལན་གྱི་ཁྲོམ་རར་ཞུགས་ནས་ཕོ་ལན་དུ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་40ལས་བརྒལ་ཡོད། ཕོ་ལན་ནི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་དེ་གའི་ཞིང་ལས་ཐོན་རྫས་ལ་ཀྲུང་གོའི་འཛད་སྤྱོད་པས་ཁས་ལེན་བྱེད་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ན་ནིང་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱིས་ཕོ་ལན་གྱི་གླང་ཤ་དང་ཤིང་ཏོག་ལན་མེ་ཀྲུང་གོར་འདྲེན་རྒྱུའི་ཆོད་ཡིག་ལ་མིང་རྟགས་བཀོད་པས་ཕོ་ལན་གྱི་གླང་ཤ་དང་ཤིང་ཏོག་ལན་མེ་དེ་ཉིད་དཀར་ཆུའི་ཐོན་རྫས་དང་མཉམ་དུ་ཀྲུང་གོའི་ཁྱིམ་ཚང་གི་གསོལ་ལྕོག་ཐོག་མགྱོགས་མྱུར་སྒྲིག་གཤོམ་བྱས་ནས་འཛད་སྤྱོད་པའི་སྤུས་ལེགས་ཀྱི་གདམ་གར་གྱུར་ཡོད།
  ཕན་ཚུན་སྤེལ་རེས་ཤེས་རྟོགས་དང་སློབ་སྦྱོང་མིག་ལྟོས་བྱས་པ་ལས་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་འགྲོ་འོང་གི་བརྩེ་སེམས་ཀྱི་སྒྲོག་ཐག་དམ་དུ་ཕྱིན་ཡོད། ཀྲུང་ཕོ་རྒྱལ་ཁབ་གཉིས་ལ་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་རིག་གནས་སྲོལ་རྒྱུན་ལྡན་པ་དང་། “དར་གོས་ལམ་བུ”དང“སྤོས་ཤེལ་ལམ་བུ”ཕན་ཚུན་འབྲེལ་ནས་ཡོད་པས་དམངས་སེམས་སྦྲེལ་མཐུད་དང་ཤེས་དཔལ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པར་བཀྲག་མདངས་གསར་པ་འཕྲོ་རྒྱུ་རེད། ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱིས་ད་བར་མཛའ་གྲོགས་ཞིང་ཆེན་དང་གྲོང་ཁྱེར་ཆ་56བསྒྲིགས་ནས་ས་གནས་ཀྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད། ཀྲུང་གོའི་མཐོ་སློབ་16གིས་ཕོ་ལན་སྐད་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་བཙུགས་པ་དང་། མཐོ་སློབ་4རུ་ཕོ་ལན་ཞིབ་འཇུག་ལྟེ་གནས་བཙུགས་པ། ཕོ་ལན་གྱི་མཐོ་སློབ་10ལྷག་ཙམ་གྱིས་རྒྱ་རིག་པ་དང་འབྲེལ་བའི་ཆེད་ལས་བཙུགས་པས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དེ་བས་མང་པོ་ཞིག་གིས་ཕར་ཕྱོགས་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། ཕན་ཚུན་གྱི་སྐད་དང་རིག་གནས་སློབ་སྦྱོང་བྱེད་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ་བཅས་བརྒྱུད་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད།
  ད་རེས་ཀྱི་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཞལ་འཛོམས་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དེ་བཞིན་ཀྲུང་ཡོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་ཀྲུང་ཕོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད།