ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་ཁྱབ་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད”

སྤེལ་དུས 2024-06-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
—— སོ་ཏི་ཨ་རབ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ཅི་ལན་ལ་བཅར་འདྲི་བྱས་པ།
  ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པ་འཚོག་ཉེར་ཡོད་པའི་སྐབས་སུ། སོ་ཏི་ཨ་རབ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སོ་ཏི་ཨ་རབ་ཀྱི་ཨ་ཅི་ལན་གཅེན་གཅུང་མ་རྐང་ཚོད་འཛིན་ཚོགས་པའི་ཏུང་ཧྲི་ཀྲང་གཞོན་པ་མུའུ་ཧན་མོ་ཏེ·ཨེར·ཨ་ཅི་ལན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ཨ་རབ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ལྟ་སྐྱོང་དང་། འདྲ་མཉམ་གཉིས་ཕན། བསྟུན་མཁས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་ནས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
  “སྤུས་ཚད་མཐོ་བས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་ཁྱབ་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད”ཨ་ཅི་ལན་གྱིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོར་ཁྲོམ་རའི་བར་མཐོངས་རྒྱ་ཆེན་པོ་དང་། བཟོ་སྐྲུན་ནུས་པ་འཐུས་སྒོ་ཚང་བ། གསར་གཏོད་ནུས་པ་ཆེན་པོ་བཅས་ལྡན་ཡོད། ཨ་རབ་རྒྱལ་ཁབ་ཀྱིས་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཨ་རབ་དང་ཀྲུང་གོ་ཕྱོགས་གཉིས་པོའི་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། བཟོ་སྐྲུན་ལས་རིགས། གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་རྫས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེན་པོ་ཡོད་ཅེས་བརྗོད་པ་དང་། ཁོང་གིས“མིག་སྔར་ཨ་རབ་རྒྱལ་ཁབ་དེ་བས་མང་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་ཀྲུང་གོའི་ཁྲོམ་རར་ཞུགས་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། རིག་ནུས་ལག་ཐོགས་ཁ་པར་སོགས་ཀྲུང་གོའི་ཐོན་རྫས་ཀྱང་ཨ་རབ་ཀྱི་ཁྱིམ་ཚང་དུ་སྤྱད་རྗེས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་བརྗོད།
  ཨ་ཅི་ལན་གྱིས། ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། སོ་ཏི་ཨ་རབ་ནི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་རེད། སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལོ་གཉིས་བསྟུད་མར་ཨ་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་པ་དེས་དུས་མཚུངས་ཀྱི་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཀྱི་ཚོང་དོན་དངུལ་འབོར་གྱི་35%ཡན་བཟུང་གི་ཡོད། རྒྱལ་ཁབ་གཉིས་པོའི་ཐོན་ལས་རིམ་སྤོར་དང་བསྟུན་ནས་སོ་ཏི་ཨ་རབ་དང་ཀྲུང་གོའི་ཚོང་དོན་མཉམ་ལས་ཀྱང་སྣ་མང་ཅན་དུ་འགྱུར་བཞིན་ཡོད་ཅེས་བརྗོད་པ་དང་། ཁོང་གིས“ང་ཚོའི་ཚོགས་པས་ཟོག་འགྲེམས་དང་། དངུལ་རྩ། སྔོན་ཐོན་བཟོ་སྐྲུན། སྨན་བཅོས། ཡུལ་སྐོར་སོགས་ལས་རིགས་ཀྱི་ཀྲུང་གོའི་ཁེ་ལས་དང་མ་རྩ་མཉམ་འཇོག་ཀུང་སི་11བཙུགས་ནས་ཀྲུང་གོའི་ཁེ་ལས་ཕྱིར་བསྐྱོད་པར་རམ་འདེགས་བྱེད་པ་དང་ཆབས་ཅིག སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་ལ་སྔར་བས་སྐུལ་འདེད་བཏང་ཡོད”ཅེས་བརྗོད། ཨ་ཅི་ལན་གྱིས་དཔེ་བཞག་ནས་བརྗོད་པ་ལྟར་ན། ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་རོགས་ཟླའི་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་གྲངས་འཛིན་གཏོང་སྤྲོད་ལག་རྩལ་ལ་བརྟེན་ནས་ཨ་ཅི་ལན་གཅེན་གཅུང་མ་རྐང་ཚོད་འཛིན་ཚོགས་པས་གྲངས་འཛིན་དངུལ་ཁང་གི་ཡན་ལག་ཀུང་སི་ཞིག་བཙུགས་ཏེ། སོ་ཏི་ཨ་རབ་ཀྱི་སྒུལ་བདེའི་གཏོང་སྤྲོད་ལས་རིགས་ཀྱི་ཁྲོམ་རའི་གོ་སྐབས་དམ་འཛིན་བྱས་ནས་དངུལ་རྩའི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཁོང་གིས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དེ་སོ་ཏི་ཨ་རབ་ཀྱི‘2030ལོའི་རེ་འདོད’དང་ཧ་ཅང་མཐུན་པོ་ཡོད་པས་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་མཉམ་ལས་ཀྱི་རྣམ་པ་གསར་པ་སྔར་བས་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།
  “ང་ཚོས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཆ་དང་མི་མངོན་པའི་ནུས་པ་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོར་མ་དངུལ་གཏོང་བ་ནི་འབྱུང་འགྱུར་ལ་མ་དངུལ་བཏང་བ་ཞིག་རེད” ཨ་ཅི་ལན་གྱིས། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་འཕེལ་རྒྱས་གཏོང་བ་དང་ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏོང་བཞིན་ཡོད། འཛམ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཨ་ཅི་ལན་གཅེན་གཅུང་མ་རྐང་ཚོད་འཛིན་ཚོགས་པས་ཀྱང་ཀྲུང་གོའི་ཁེ་ལས་ཀྱིས་སོ་ཏི་ཨ་རབ་དང་དེ་བཞིན་འཛམ་གླིང་དབུས་ཤར་ས་ཁུལ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་ལ་མ་དངུལ་བཏང་བའི་འཐབ་ཇུས་རོགས་ཟླར་འགྱུར་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད།