ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“རྒྱལ་ཁབ་ཁག་གི་ཁེ་ལས་ལ་འཕེལ་རྒྱས་ཀྱི་བར་ མཐོངས་སྔར་ལས་རྒྱ་ཆེ་བ་གཏོད་རྒྱུ་ཡིན”

སྤེལ་དུས 2024-06-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ལྷོ་ཨ་ཧྥེ་རི་ཁའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཐན་ཀྲེ་ལིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“འདི་ལོ་ནས་བཟུང་ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་གསོག་ཐུབ་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁྱབ་ཁོངས་མང་པོར་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བཞིན་ཡོད་པ་དེས་ཧྥེ་ཀྲུང་མཉམ་ལས་དང་ཐ་ན་གོ་ལ་ཧྲིལ་པོའི་མཉམ་ལས་ལ་གོ་སྐབས་གསར་པ་ཞིག་སྦྱིན་རྒྱུ་རེད། ང་ཚོས་གོ་སྐབས་དམ་འཛིན་བྱས་ནས་མཉམ་ལས་གཏིང་ཟབ་དང་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་དགོས”ཞེས་བརྗོད་པ་རེད།
  འདི་ལོའི་དུས་ཚིགས་དང་པོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.3%འཕར་ཏེ་དཔལ་འབྱོར་གྱི་འགོ་ཡག་པོ་ཞིག་བཙུགས་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པར་རྨང་གཞི་ཡག་ཙམ་བཏིང་ཡོད། “ལོ་མང་རིང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་པ་དང་། ཀྲུང་གོའི་དཔལ་འབྱོར་ནི་དུས་ཡུན་རིང་པོའི་ནང་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེ་ཤོས་ཤིག་རེད”ཅེས་ཐན་ཀྲེ་ལིས་བརྗོད་པ་དང་། ཁོང་གིས“ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོན་ལས་རིགས་དབྱེའི་ཁྲོད་ཀྱི་བཟོ་ལས་རིགས་ཚང་མ་ཡོད་པའི་རྒྱལ་ཁབ་འབའ་ཞིག་དེ་ཡིན་པ་དང་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་དང་ཚན་རྩལ་ཚོ་འདུས་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ད་ཆ་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་ཐོན་ལས་མ་ལག་འཐུས་ཚང་གི་ལེགས་ཆ་ལྡན་པའི་ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་བཏང་བ་བརྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བརྗོད་པ་རེད།
  ཐན་ཀྲེ་ལིས་ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མུ་མཐུད་ལག་བསྟར་དང་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་འབྱུང་འགྱུར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐན་ཀྲེ་ལིས“ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་བརྒྱུད། མི་ཐབས་རིག་ནུས་དང་། སྐྱེ་དངོས་སྨན་རྫས། རྒྱུ་ཆ་གསར་པ་སོགས་ཀྱི་ཐད་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་མངོན་ཡོད། ན་ནིང་ཀྲུང་གོའི་ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་60%ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཚོ་འདུས་སྟོབས་ཆེན་བརྒྱ་ཡི་ནང་གི་གྲངས་འབོར་བཟུང་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ཅེས་བརྗོད་པ་རེད།
  ཐན་ཀྲེ་ལིས“ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱེད་པ་དང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་གཏོད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་ཁེ་ལས་ལ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་གཏོད་རྒྱུ་རེད”ཅེས་བརྗོད་པ་རེད།