ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ལ《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》བཏོན་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་གྲོས་ཆོད་ལ་རྒྱལ་ཁབ་བརྒྱ་ལྷག་ཙམ་གྱིས་རྒྱབ་སྐྱོར་བྱས་པ།

སྤེལ་དུས 2024-10-12 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་57པའི་ཐོག་གྲོས་མོལ་གཅིག་མཐུན་གྱི་བྱ་ཐབས་བརྒྱུད། ཀྲུང་གོས་ཏེན་མག་དང་། ཧྥ་རན་སེ། ཁེན་ནི་ཡ། མོ་ཞི་ཁོ་བཅས་ཀྱི་ཚབ་ཞུས་ནས་ཐུན་མོང་ཐོག་ཕུལ་བའི《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》བཏོན་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་དེར་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་པ་དང་རྒྱལ་ཁབ་112ཐུན་མོང་གི་གྲོས་འདོན་ནང་ཞུགས་པ་རེད།
  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས་གྲོས་ཆོད་འཆར་ཟིན་ངོ་སྤྲོད་བྱེད་སྐབས། ཉེ་བའི་ལོ་30ཡི་གོང་པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་ཐོག《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》ལ་གྲོས་འཆམ་བྱུང་བ་དེ་ནི་འཛམ་གླིང་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད། ལོ་30ཡི་རིང་བུད་མེད་ཀྱི་སྤྱི་ཚོགས་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་དུས་མཚུངས《པེ་ཅིང་གི་བསྒྲགས་གཏམ》ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྔར་བཞིན་འགྲན་སློང་འཕྲད་ཡོད། གྲོས་ཆོད་ཀྱི་དམིགས་ཡུལ་ནི《པེ་ཅིང་གི་བསྒྲགས་གཏམ》གྱི་དོན་སྙིང་བསྐྱར་བསྒྲགས་བྱེད་པ་དེ་ཡིན་ཞིང་། དེ་ལས་ཕྱོགས་ཁག་གིས་ཕོ་མོ་འདྲ་མཉམ་གང་མགྱོགས་མངོན་འགྱུར་དང་མཉམ་ལས་བྱས་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐུན་མོང་གི་བསམ་འདུན་མཚོན་ཡོད་ཅེས་བརྗོད།
  ཧྥ་རན་སེ་དང་། ཧྥིན་ལན། ཀམ་པི་ཡ། སུའུ་ཏན། ཏོ་སྨི་ནི་ཁ། ཆི་ལི། ཨ་ཀེན་ཐིན། རི་པིན་སོགས་རྒྱལ་ཁབ་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱེད་སྐབས་གཏམ་བཤད་སྤེལ་ནས་ཀྲུང་གོས་སྣེ་ཁྲིད་དེ་གྲོས་འགོ་གལ་ཆེན་དེ་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་དང《པེ་ཅིང་གི་བསྒྲགས་གཏམ》གྱི་དོན་སྙིང་སྣེ་ཁྲིད་དུ་བྱས་ཏེ་འཛམ་གླིང་བུད་མེད་ཀྱི་དབང་ཆར་འགན་ལེན་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།