ཨ་རིར་རྒྱ་མཚོའི་རླུང་འཚུབ་བྱུང་ནས་མི118རྐྱེན་ལམ་དུ་ཤོར།
སྤེལ་དུས 2024-10-18
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས15ཉིན། ཨ་རིའི་པེ་ཁཱ་ལུའོ་ལའེ་ནཱ་ཁུལ་གྱི་ཁུལ་དཔོན་ཀྲང་ལུའོ་དབྱི·ཁུའུ་པོས་རྒྱལ་ཕྲན་མཉམ་འབྲེལ་ཛ་དྲག་ལས་དོན་དོ་དམ་ཅུས་སུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། རྒྱ་མཚོའི་རླུང་འཚུབ“ཧའེ་ལུན་ཉི”ཁུལ་ལ་འབྱོར་རྗེས། ཉེ་བའི་གཟའ་འཁོར་གསུམ་ནང་ཉུང་མཐར་ཡང་མི92གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་བཤད།
ཁུའུ་པོས་བསྟན་དོན། རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་མུ་མཐུད་འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ཅིང་། སྤྱི་པའི་བདེ་འཇགས་སྡེ་ཚན་གྱིས་ཀྱང་ཁུལ་རིམ་པའི་ལས་དོན་ཚོགས་ཆུང་བཙུགས་ནས་སྔར་བཞིན་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་གཏན་འཁེལ་བྱེད་བཞིན་ཡོད་པས། གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་སྔོན་དཔག་བྱས་ན་འཕར་ཆག་ཡོང་སྲིད་ཅེས་བཤད།
གཞན་ཡང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་མཚོའི་རླུང་འཚུབ“ཧའེ་ལུན་ཉི”ཡིས་པེ་ཁཱ་ལུའོ་ལའེ་ནཱ་ཁུལ་དུ་ཉུང་མཐར་ཡང་མི118རྐྱེན་ལམ་དུ་ཤོར།
ཟླ9པའི་ཚེས26ཉིན། རྒྱ་མཚོའི་རླུང་འཚུབ“ཧའེ་ལུན་ཉི”ནི་མི་འབོར་འདུས་ཚད་བལྟོས་བཅས་ཀྱིས་ཅུང་ཉུང་བའི་ཧྥོ་ལོ་ལི་ཏ་ཁུལ་གྱི་བྱང་རྒྱུད་ཏ་པིན་ཏེ་ས་ཁུལ་དུ་ལྡང་བ་དང་། དེ་རྗེས་ཨ་རིའི་ཤར་ལྷོའི་རྒྱུད་ཀྱི་ཁུལ་མང་པོར་ཁྱབ། “ཧའེ་ལུན་ཉི”ནི་རིམ་པ་བཞི་ཅན་རྒྱ་མཚོའི་རླུང་འཚུབ་ཡིན་ཞིང་། རྒྱུན་མཐུད་རླུང་འགྲོས་ནི་ཆུ་ཚོད་རེར་དབྱིན་ལེ140(ཧ་ལམ་ཆུ་ཚོད་རེར་སྤྱི་ལེ225དང་མཚུངས་པ)ཡིན། སྐམ་སར་འབྱོར་བའི་དུས་ལ་རླུང་ཤུགས་ཆེ་ཤོས་སུ་སླེབས་པ། རླུང་དམར་གྱི་རླུང་རླབས་སྨི4.5ལྷག་ཙམ་ཟིན་གྱི་ཡོད། “ཧའེ་ལུན་ཉི”ཡིས་ཤུགས་རྐྱེན་ཆེ་ཤོས་བཟོས་པའི་ས་ཁུལ་ནི་པེ་ཁཱ་ལུའོ་ལའེ་ནཱ་ཁུལ་ཡིན་ཞིང་། ཁུལ་དེའི་པུའུ་ཤིས་ཁེ་ཡི་ཆར་པ་བབས་ཚད་ནི་ཧའོ་སྨི782ཟིན་ཞིང་། དྲག་ཆར་ལས་གནོད་འཚེའི་རང་བཞིན་གྱི་ཆུ་ལོག་དང་རི་ཉིལ་བ་སོགས་བྱུང་།