ཨ་རིའི་འཕེལ་རྒྱས་དང་དར་རྒྱས་ལ་ཨ་རི་དང་ཀྲུང་གོའི་ཚོང་དོན་གལ་འགངས་ཤིན་ཏུ་ཆེ།
སྤེལ་དུས 2025-01-09
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
——ཨ་རིའི་ཨེ་ཤེ་ཡའི་མཐུན་ཚོགས་སྲིད་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཏན་ཉེར·ལ་སེར་ལ་བཅར་འདྲི་ཞུས་པ།
“2025ལོ་ནི་ཨ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་46འཁོར་བའི་ལོ་ཞིག་རེད། ལོ་46རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དྲག་ཆར་རླུང་འཚུབ་བརྒྱུད་སྤྱི་ཡོངས་ནས་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩར་སྐུལ་མ་ཐེབས་པ་མ་ཟད། ད་དུང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་སྐུལ་མ་ཐེབས་ཡོད”ཅེས་ཨ་རིའི་ཨེ་ཤེ་ཡ་མཐུན་ཚོགས་སྲིད་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཨེ་ཤེ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ལས་དོན་གྱི་འགན་འཁུར་མཁན་རྒྱལ་དོན་བློན་ཆེན་གྱི་ལས་རོགས་ཟུར་པ་ཏན་ཉེར·ལ་སེར་གྱིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད། ཁོང་གིས། 2024ལོའི་ཟླ་11པར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕེ་རུའི་རྒྱལ་ས་ལི་མར་ཞལ་འཛོམས་གནང་བ་དང་། 2023ལོར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་གཙོ་བདག་ཞལ་འཛོམས་གནང་བའི་ཕན་འབྲས་བཟང་པོ་རྒྱུན་མཐུད་བྱས་ནས་ཨ་ཀྲུང་འབྲེལ་བ་སྐྱོན་བྲལ་དང་། བརྟན་ལྷིང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།
“ཨ་ཀྲུང་ནི་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། དགོས་མཁོར་སྐུལ་འདེད་དང་། མ་འཇོག་ལ་སྐུལ་གཏོང་། ཚོང་དོན་ཟབ་གཏོང་བཅས་བྱས་ཚེ་དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་ཀྱི་རང་སོ་སོའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་ལ། རྒྱལ་ཁབ་གཞན་ལའང་ཕན་པ་འཐོབ་ཐུབ”ཅེས་ལ་སེར་གྱིས་བརྗོད་ཅིང་། ཁོང་གིས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན། ཨ་རིའི་ཁྲོམ་ར་ནི་ཧ་ཅང་གལ་འགངས་ཆེ་ལ། ཨ་རིའི་མ་འཇོག་གི་ཡིད་དབང་འགུག་རྒྱུའང་ཧ་ཅང་འགག་རྩ་ཞིག་རེད། ཨ་ཀྲུང་ཚོང་དོན་གྱིས་ཨ་རི་འཕེལ་རྒྱས་དང་དར་རྒྱས་ཡོང་བ་དང་། ལས་ཞུགས་གོ་སྐབས་གཏོད་པ། འཛད་སྤྱོད་པའི་གདམ་ག་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་དཔལ་འབྱོར་བརྟན་པོ་འཕར་བ་དེས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བརྗོད།
ལ་སེར་གྱིས་ངོས་འཛིན་བྱས་དོན། ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་འབྲེལ་བ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀར་ལག་རྩལ་དང་། མ་རྩ། ཚན་རིག ཚོང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྲོད་ནས་ཕན་པ་ཆེན་པོ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞལ་འཛོམས་གནང་བ་དེས་བརྡ་རྟགས་ཡག་པོ་བསྟན་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་བརྟན་དུ་གཏོང་དགོས་པའི་གལ་ཆེའི་རང་བཞིན་ལ་ཕྱོགས་གཉིས་པོར་ཤེས་རྟོགས་བྱུང་བ་མ་ཟད། འབད་བརྩོན་ངེས་ཅན་བྱས་ནས་འབྲེལ་གཏུག་གི་ཐབས་ལམ་སླར་ཡང་ཕྱེ་ཡོད།
ལ་སེར་གྱིས། ས་འབྲེལ་ཆབ་སྲིད་དང་། ས་ཁུལ་གྱི་གདོང་ཐུག དཔལ་འབྱོར་གྱི་འགལ་བ། ལག་རྩལ་གསར་པའི་ཉེན་ཁ་སོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྙོག་འཛིང་ཆེ་བའི་ཤུགས་རྐྱེན་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་གིས། ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་བར“ཕྱོགས་གཉིས་པོའི་བློ་གྲོས་དང་། གཟབ་ནན་དང་འབད་བརྩོན་ལྷོད་མེད་དགོས”ཞེས་བརྗོད།