ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་དེང་རབས་ཅན་གྱི་ཉ་ལས་གྲུ་ཁ་ཆེ་གྲས་ཀག་ནའི་སྲོལ་རྒྱུན་ཉ་ལས་སྡེ་ཁུལ་དུ་བསྐྲུན་ཟིན་པ།

སྤེལ་དུས 2025-01-09 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་བར་སྣང་ནས་པར་བརྒྱབ་པའི་ཀག་ནའི་ཉ་ལས་གྲུ་ཁའི་ཕྱོགས་བསྡུས་སྒྲིག་བཀོད་རྣམ་གྲངས་ཡིན་པ། ཅིན་ཞའོ་ཏུང་གིས་པར་བརྒྱབ།
འདི་ནི་ས་གནས་དེ་གའི་ཉ་པས་ཉ་ལས་གྲུ་ཁར་ཉ་དྲ་འཚེམ་བཞིན་པ། ཡན་ཆིང་ཧྲོའུ་ཡིས་པར་བརྒྱབ།
  ཀག་ནའི་རྒྱལ་ས་ཨ་ཁ་རའི་སྲོལ་རྒྱུན་ཉ་ལས་སྡེ་ཁུལ་གྱི་ཀྲན་མུའུ་ཧྲི་ཏུན་ནི་དེ་སྔ་ས་གནས་དེ་གའི་དབུལ་ཤོས་ཀྱི་ས་ཁོངས་གྲས་ཤིག་རེད། ལོ་བརྒྱའི་ལོ་རྒྱུས་ལྡན་པའི་ཉ་ལས་གྲུ་ཁ་རྙིང་པའི་སྒྲིག་བཀོད་རྙིང་སོང་ཆགས་པས་ས་གནས་དེ་གའི་ཉ་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་འཕྲད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་དེང་རབས་ཅན་གྱི་ཉ་ལས་གྲུ་ཁ་ཆེ་གྲས་བསྐྲུན་ཟིན་ནས་ཀྲན་མུའུ་ཧྲི་ཏུན་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
  ཀྲུང་གོས་སྐྲུན་རོགས་བྱས་པའི་ཀག་ནའི་ཉ་ལས་གྲུ་ཁའི་ཕྱོགས་བསྡུས་སྒྲིག་བཀོད་རྣམ་གྲངས་དེ་ཡུན་རིང་མ་སོང་གོང་ཀག་ན་ཕྱོགས་ལ་བེད་སྤྱོད་གཏོང་རྒྱུར་དངོས་སུ་རྩིས་སྤྲད་པ་རེད། “ཉ་ལས་གྲུ་ཁ་བསྐྲུན་ཟིན་ནས་རྩིས་སྤྲད་པ་དེ་ཀག་ནའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ནི་ལོ་མང་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ་ཀག་ནའི་མི་དམངས་ཀྱི་ལོ་བཅུ་ཕྲག་ཁ་ཤས་རིང་གི་ཕུགས་འདུན་མཐར་མངོན་འགྱུར་བྱུང་སོང”ཀག་ནའི་ཙུང་ཐུང་ཨཱ་ཁུ་ཧྥུའུ-ཨ་ཏོ་ཡིས་རྩིས་སྤྲོད་མཛད་སྒོའི་ཐོག་ཀྲུང་གོས་ཉ་ལས་གྲུ་ཁ་སྐྲུན་རོགས་གནང་བ་དང་ལོ་ངོ་བཅུ་གྲངས་ཁ་ཤས་རིང་ཀག་ནའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས། ཀག་ནའི་རྒྱལ་ཇུས་དམངས་འཚོའི་ཁྲོད་དུ་ཉ་ལས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་དང་བྱེད་བཞིན་ཡོད། རྣམ་གྲངས་དེ་ལས་ལས་ཞུགས་ལ་སྐུལ་འདེད་ཐེབས་རྒྱུ་དང་ཉ་པའི་འཚོ་བ་ལེགས་སུ་འགྲོ་རྒྱུ་མ་ཟད། དཔལ་འབྱོར་ལ་གསོན་ཤུགས་ཀྱང་བསྣན་རྒྱུ་རེད་ཅེས་གསུངས་པ་རེད།
  སྐྲུན་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གྲུ་ཁ་ཆུ་ཐོག་སྐྱེལ་འདྲེན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་ལོ་4བྱས་ཤིང་། དེའི་ནང་ཉ་ལས་གྲུ་ཁའི་ཆུ་ཁོངས་ཀྱི་གྲུ་ཁའི་ཆུ་རྫིང་དང་། གྲུ་ལམ་གཙང་གཤོང་ལས་གྲྭ དེ་བཞིན་གཞུང་ལས་ཁང་དང་། ཉོ་ཚོང་ཁྲོམ་ར། ལས་སྣོན་ཁུལ། ཚོང་ལས་ཁུལ་སོགས་འབྲེལ་ཡོད་ལས་གྲྭ་དང་རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་ཚུད་ཡོད་པས་ས་གནས་དེར་ལས་ཞུགས་ལས་གནས་3000ལྷག་ཙམ་བཏོད་ཡོད།
  ཀྲན་མུའུ་ཧྲི་ཏུན་ཉ་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཨཱ་མ·ཝུའུ་ལུའུ་ཡིས། ཀྲུང་གོའི་ཁེ་ལས་ཀྱིས་གསར་དུ་བསྐྲུན་པའི་གྲུ་ཁའི་སྒྲིག་བཀོད་ལས་ཉ་པའི་ལས་དོན་སྔར་བས་ཕན་ནུས་ཆེན་པོ་དང་བདེ་འཇགས་བྱུང་ཡོད་ལ། སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཤུགས་ཀྱང་ཆེ་རུ་འགྲོ་རྒྱུ་རེད། “ད་ལྟ་ཡུལ་སྐོར་བ་དང་ཚོང་པ་འདི་ཕྱོགས་ལ་ཡོང་མཁན་དེ་བས་མང་དུ་ཕྱིན་འདུག ཉ་འཛིན་གྲུ་ཁས་སྐུལ་ཁྲིད་བྱས་པའི་འོག་གི་མཐའ་འཁོར་ཐོན་ལས་དག་ང་ཚོའི་གྲོང་ཚོའི་དཔལ་འབྱོར་གྱི་ཀ་རྟེན་ལྟ་བུར་གྱུར་ཡོད”ཅེས་བཤད་པ་མ་ཟད། ཝུའུ་ལུས་ད་དུང་རྣམ་གྲངས་འཛུགས་སྐྲུན་བྱས་པ་བརྒྱུད་ལག་རྩལ་གྱི་རྒྱབ་སྐྱོར་དང་གསོ་སྦྱོང་བྱུང་སྟེ། ཉ་པ་ཚོས་དེང་རབས་ཀྱི་ཉ་འཛིན་ལག་རྩལ་དང་སྒྲིག་ཆས་བདག་གཅེས་བྱེད་ཐབས་ཁོང་དུ་ཆུད་པར་རོགས་རམ་ཐོབ་ནས། “ང་ཚོའི་ལས་ཀར་ཡང་གསོས་བྱུང་སོང”ཞེས་དམིགས་སུ་བཀར་ནས་བཤད།
  རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་ལས་མི་200ལྷག་ཙམ་ཞུགས་ཤིང་། ལག་རྩལ་ཆེ་མོ་བ་མ་ཝུན·ཀག་ན་ནི་དེའི་གྲས་ཤིག་རེད། ཚང་མས་ཁོང་ལ་བརྩེ་བ་ཆེན་པོས“ཏ་ལིན”ཞེས་འབོད་ཀྱི་ཡོད། རྣམ་གྲངས་པུའི“ཀྲུང་གོ་དང་ཀག་ནའི་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”སོགས་གཏོགས་ཁོངས་ཅན་གྱི་ལས་མི་གསོ་སྐྱོང་ལམ་སྲོལ་གྱི་ཕན་པ་ཆེན་པོའི་འོག མིག་སྔར་ཏ་ལིན་ཀྲུང་གོ་ཕྱོགས་ཀྱི་དོ་དམ་མ་ལག་ནང་རྦད་དེ་མཉམ་འདྲེས་བྱུང་བ་མ་ཟད། ལག་རྩལ་རྣམ་པའི་ཤེས་ལྡན་པར་འཚར་ལོངས་ཀྱང་བྱུང་ཡོད། ཏ་ལིན་གྱིས་ཀག་ན་དང་ཀྲུང་གོས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།“དེ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལག་ལེན་དངོས་ཡིན”ཞེས་བཤད།