ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་དང་ཧ་མ་སི་གཉིས་ནས་དམག་མཚམས་འཇོག་རྒྱུ་རེད།

སྤེལ་དུས 2025-01-20 ཡོང་ཁུངས། རྩོམ་པ་པོ།
     ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་18ཉིན་གྱི་ཐོ་རངས་སུ། དབྱི་སི་རལ་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་སྲིད་གཞུང་གིས་ཀ་ཧྲའི་དམག་མཚམས་འཇོག་རྒྱུ་དང་མི་སྣ་བརྗེ་རེས་ཀྱི་གྲོས་མཐུན་ལ་ཆོག་མཆན་བཀོད་པ་ར་སྤྲོད་བྱས་ཡོད་པ་དང་། གྲོས་མཐུན་དེ་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་དང་པོའི་ཚེས་19ཉིན་ནས་བཟུང་ནུས་ལྡན་ཡིན་པ་རེད།
     ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་17ཉིན། དབྱི་སི་རལ་བདེ་འཇགས་རྒྱལ་སྲིད་ལས་ཁུངས་ཀྱིས་འདེམ་ཤོག་འཕངས་པ་བརྒྱུད། ཀ་ཧྲའི་དམག་མཚམས་འཇོག་རྒྱུ་དང་མི་སྣ་བརྗེ་རེས་ཀྱི་གྲོས་མཐུན་ལ་ཆོག་མཆན་བཀོད་པ་རེད། གྲོས་མཐུན་དེ་དབྱི་སི་རལ་བདེ་འཇགས་རྒྱལ་སྲིད་ལས་ཁུངས་དང་སྲིད་གཞུང་པུའུ་ཀྲང་གི་ཚང་འཛོམས་གྲོས་ཚོགས་ཀྱིས་འདེམ་ཤོག་འཕངས་ནས་བརྡས་ཐག་བཅད་རྗེས་ད་གཟོད་ནུས་ལྡན་ཡིན་པ་རེད།
ཀ་ཧྲའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དེ་དུས་མཚམས་གསུམ་དུ་དབྱེ་ནས་ལག་བསྟར་བྱ་རྒྱུ་རེད།
     ཁ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་མུ་ཧན་མོ་ཏེས་ཚེས་15ཉིན་གྱི་དགོང་མོར་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གཉིས་ནས་ཀ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་ཐད་གྲོས་མཐུན་བཞག་པ་དང་། དུས་མཚམས་གསུམ་དུ་དབྱེ་ནས་ལག་བསྟར་བྱ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་འདུག
དུས་མཚམས་དང་པོ།
     དུས་མཚམས་དང་པོའི་དུས་ཡུན་ནི་ཉིན་42ཡིན་པ་དང་། ཟླ་དང་པོའི་ཚེས་19ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དེའི་ནང་དམག་མཚམས་འཇོག་རྒྱུ་དང་དབྱི་སི་རལ་དམག་དཔུང་ཀ་ཧྲ་རྒྱུད་ཀྱི་མི་འབོར་མང་བའི་ས་ཁུལ་ཚང་མ་ནས་ཕྱིར་འཐེན་བྱེད་པ། ཕྱོགས་གཉིས་པོའི་བཀག་ཉར་མི་སྣ་བརྗེ་རེས་དང་ཕྱོགས་གཉིས་པོའི་རྐྱེན་ལམ་དུ་ཤོར་བའི་མིའི་ཕུང་པོ་བརྗེ་རེས་བྱེད་པ། ཀ་ཧྲ་ས་ཁུལ་གྱི་ཡུལ་གྱར་བ་སླར་ཡང་ཁྱིམ་གཞིར་ལོག་རྒྱུར་སྐུལ་འདེད་གཏོང་བ་དང་། རྨས་སྐྱོན་ཕོག་མཁན་ཀ་ཧྲ་ས་ཁུལ་དང་ཁ་གྱེས་ཏེ་སྨན་བཅོས་དང་ལེན་བྱེད་རོགས་བྱ་རྒྱུ་དང་ཆབས་ཅིག    ཀ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཚད་ཆེས་ཆེར་མང་དུ་གཏོང་རྒྱུ་བཅས་ཚུད་ཡོད་པ་རེད། དུས་མཚམས་དེར་ཧ་མ་སིས་བཀག་ཉར་བྱས་པའི་མི་སྣ་33གློད་གྲོལ་གཏོང་རྒྱུ་དང་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མི་སྣ་གློད་གྲོལ་གཏོང་རྒྱུ་ཡིན་པ་རེད།
དུས་མཚམས་གཉིས་པ།
     ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་ཟུར་གསལ་བྱས་པ་ལྟར་ན། གྲོས་མཐུན་གྱི་དུས་མཚམས་གཉིས་པར། ཧ་མ་སིས་བཀག་ཉར་བྱས་པའི་མི་སྣ་ལྷག་མ་རྣམས་གློད་གྲོལ་བཏང་ནས་ཕ་ལེ་སི་ཐན་གྱི་བཀག་ཉར་བྱས་པའི་མི་སྣ་དེ་བས་མང་བ་གློད་གྲོལ་གཏོང་བར་བརྗེ་པོ་རྒྱག་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཁྱོན་ཡོངས་ནས་ཀ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད། ཧ་མ་སིས། དབྱི་སི་རལ་གྱི་དམག་དཔུང་ཁྱོན་ཡོངས་ནས་ཀ་ཧྲ་ས་ཁུལ་ནས་ཕྱིར་འཐེན་མ་བྱས་གོང་ཁོ་ཚོས་བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་གཏོང་མི་སྲིད་ཅེས་ནན་བཤད་བྱས་ཡོད་པ་རེད།
དུས་མཚམས་གསུམ་པ།
     དུས་མཚམས་གསུམ་པར། ཧ་མ་སིས་ད་དུང་རྐྱེན་ལམ་དུ་ཤོར་ཟིན་པའི་བཀར་ཉར་བྱས་པའི་མི་སྣའི་ཕུང་པོ་སྐྱེལ་སྤྲོད་བྱ་རྒྱུ་ཡིན་པ་དང་། བརྗེ་རེས་ཀྱི་ཚུལ་དུ་ཀ་ཧྲ་ས་ཁུལ་གྱིས་རྒྱལ་སྤྱིའི་ལྟ་སྐུལ་འོག་ལོ་གསུམ་ནས་ལྔ་ཡི་བསྐྱར་སྐྲུན་འཆར་འགོད་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 
ཁ་ཐར་གྱི་དབུ་བཞུགས་བློན་ཆེན་གྱིས་ཀ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དེ་ཁྱོན་ཡོངས་ནས་ལག་བསྟར་བྱ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྟན།
     ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་དང་པོའི་ཚེས་17ཉིན། ཁ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་མུ་ཧན་མོ་ཏེས། ཁོང་གི་རེ་བ་ཡིན་ན་ཀ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུ་དང་བཀག་ཉར་མི་སྣ་བརྗེ་རེས་རྒྱག་རྒྱུའི་གྲོས་མཐུན་དེ་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། ཀ་ཧྲ་ས་ཁུལ་གྱི“སྐྱོ་གར”མཇུག་རྫོགས་རྒྱུ་དེ་ཡིན་ཞེས་བརྗོད་པ་དང་། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྐུལ་སློང་བྱས་ནས་ཀ་ཧྲ་ས་ཁུལ་དུ་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང། བབ་མཐུན་གྱི་སྒྲིག་སྲོལ་བཙུགས་ནས་ས་གནས་དེ་གའི་ཁྱིམ་ཚང་ལ་རྒྱབ་སྐྱོར་བྱ་དགོས་ཚུལ་ནན་སྟོན་བྱས་ཡོད་པ་རེད།
རེས་སྐོར་འདིའི་ཕ་དབྱི་གདོང་ཐུག་ཁྲོད་ཀ་ཧྲ་ས་ཁུལ་གྱི་མི་46876རྐྱེན་ལམ་ཤོར་བ།
     ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་ཀ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས། 2023ལོའི་ཟླ་10ཚེས་7ཉིན་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་པ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཀ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བས་ཕ་ལེ་སི་ཐན་གྱི་མི་46876རྐྱེན་ལམ་དུ་ཤོར་བ་དང་མི་110642ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་པ་རེད།