ཝང་དབྱིང་ནི་1961ལོར་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་གི་བཟོ་པའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་འཁྲུངས། བྱིས་པའི་དུས་ཀྱི་དཀའ་སྡུག་འཚོ་བ་ལས་ཁོང་གིས་མི་དམངས་མང་ཚོགས་ལ་ཟོལ་མེད་བབ་ཆགས་ཀྱི་བརྩེ་སེམས་བཅངས་ཡོད། 1982ལོར་ལྷོ་ནུབ་མི་རིགས་སློབ་གླིང་ནས་ཐོན་པའི་ཝང་དབྱིང་སི་ཁྲོན་ཞིང་ཆེན་པ་ཀྲུང་རྫོང་དུ་ལས་ཀ་བྱེད་པར་ཡོང་།
ཝང་དབྱིང་ནན་ཅང་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་ནས་ཡུན་རིང་མ་སོང་བར་དཀའ་གནད་ཆེ་བའི་གྱོད་གཞི་ཞིག་འཕྲད་ཅིང་། 2003ལོའི་ཟླ་3པར། ནན་ཅང་གི“འཆལ་རྡུང”ལས་དོན་ཁྲོད་བཀག་སྐྱིལ་འདྲི་རྩད་བྱེད་བཞིན་པའི་ན་གཞོན་བུད་མེད་ཅིག་མངགས་གཏོང་ཁང་ཞིག་གི་བཀག་ཉར་ཁང་དུ་རང་སྲོག་བཅད། ཟླ་བ་གཅིག་གི་རྗེས་སུ་རྫོང་སྒྲིག་ཨུད་ལ་ཐེར་འདོན་ཡི་གེ་ཞིག་འབྱོར་ནས་འཕྲིན་ཡིག་ནང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་གིས་གྱོད་གཞི་སྒྲུབ་རིང་རང་འཁྲིའི་ལས་འགན་སྣང་མེད་དུ་བཏང་ནས་མི་ཤི་རྐྱེན་ཆག་བྱུང་ཡང་ཁྲིམས་འོག་ཏུ་ཚུད་མི་འདུག་ཅེས་འཁོད་ཡོད།
ཝང་དབྱིང་དང་ལས་རོགས་ཚོས་འགོག་རྐྱེན་བསལ་བ་དང་དཀའ་ངལ་ཁྱད་བསད་ཧུར་ཐག་བྱས་ནས་ཉིན་མཚན་མེད་པར་འབད་འཐབ་བྱས་ཤིང་། ཉིན་མཚན་5བསྟུད་མར་གཉིད་ཐེབས་བཅག་ནས་གྱོད་འབྲེལ་མི་སྣ་གཙོ་བོ་དང་གླེང་མོལ་ཡང་ཡང་བྱས་ནས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འབོར་ཆེན་ཁོང་དུ་ཆུད་པ་རེད། མཐར་གྱོད་འབྲེལ་མི་སྣ་10ལྷག་ཙམ་ཚང་མར་བཅའ་ཁྲིམས་ཀྱི་ཆད་པ་དང་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པ་རེད།
2006ལོའི་ཟླ་7པར། ཐན་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཉིན་ཁ་ཤས་འབད་འཐབ་གནང་བའི་ཝང་དབྱིང་གློ་བུར་དུ་མགོ་ཡུར་འཁོར་ནས་དྲན་པ་ཐོར། སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱལ་རྗེས་ཁོང་ནི་གློ་སྐྲན་དུས་མཇུག་ཏུ་སླེབས་ཡོད་པའི་ནད་བརྟག་བྱུང་། དེ་རྗེས་ཀྱི་ལོ་གཉིས་དང་ཟླ་བ་བཞིའི་ནང་རྫས་འགྱུར་སྨན་བཅོས་ཐེངས་10ལྷག་ཙམ་ཕུད། ཉིན་194ཡི་རིང་ཝང་དབྱིང་འབྲུབ་འགོག་ཉེན་སེལ་དང་། ཡོམ་འགོག་གེགས་སེལ། གྱོད་གཞི་ཞིབ་བཤེར་ཐག་གཅོད་བཅས་བྱ་ཡུལ་དུ་ཕེབས།
2008ལོའི་ཟླ་5ཚེས་12ཉིན། དབུན་ཁྲོན་ལ་ས་ཡོམ་ཆེན་པོ་བརྒྱབ་ཅིང་། ཁྲུང་ཆིང་དུ་རྫས་འགྱུར་སྨན་བཅོས་གནང་བཞིན་པའི་ཝང་དབྱིང་གིས་སྨན་བཅོས་བྱེད་མཚམས་བཞག་ནས་ལམ་ཐག་སྤྱི་ལེ་500ལྷག་ཙམ་བརྒྱུད་ནན་ཅང་དུ་ལོག་པ་དང་འཕྲལ་དུ་རྫོང་སྒྲིག་ཨུད་ཀྱི་ལས་བྱེད་པ་ཁྲིད་དེ་གེགས་སེལ་གྱི་འཐབ་ས་དང་པོར་རྒྱལ་ཁབ་ཀྱི་གེགས་སེལ་དངུལ་དང་དངོས་རྫས་སྤྲོད་ཐུབ་པའི་འགན་ལེན་གནང་བ་རེད། 2008ལོའི་ཟླ་11པར། ངལ་དུབ་ཆེ་དྲགས་པའི་དབང་གིས་ནད་གཞི་ཇེ་ལོད་དུ་སོང་ནས་ཁོང་སྨན་ཁང་དུ་སྨན་བཅོས་ལ་ཕེབས་པའི་ལམ་བར་ནས་སྟབས་མ་ལེགས་པར་ཚེ་ལས་འདས། ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གིས་གནས་ཚུལ་དེ་གོ་ཐོས་བྱུང་རྗེས་རང་འགུལ་ངང་ས་གནས་ཁག་ནས་སྐྱེལ་མ་ཞུ་བར་ཡོང་བ་དང་། པུར་མཆོད་ཁང་གི་ཕྱི་རོལ་དུ་མྱ་ངན་ཞུ་མཁན་མི་ཚོགས་བང་རིང་པོ་བསྒྲིགས་ནས་བསྡད་ཡོད།
2009ལོར་ཝང་དབྱིང“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་100”ཡི་གྲས་སུ་བདམས་པ་རེད། གཞན་ཡང་ཁོང་ལ་ད་དུང“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། “སྒྱུར་བཅོས་ཀྱི་གདོང་ལེན་པ” “འབད་འཐབ་པ་ཡག་ཤོས” “རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་མཚན་སྙན་ཐོབ་མྱོང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།