ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཁབ་མང་པོའི་ལུས་རྩལ་པས་གྲ་སྒྲིག་སྦྱོང་བརྡར་ཡག་པོ་བྱས་ནས་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཐོག་ཆུ་ཚད་ཡག་ཤོས་འདོན་ཐུབ་རྒྱུའི་རེ་སྒུག་བྱེད་པ།

སྤེལ་དུས 2022-01-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་འགོ་ཚུགས་པར་ད་དུང་ཉིན་བཅུ་ཡོད་པ་དང་། རྒྱལ་ཁབ་ཁག་གི་ལུས་རྩལ་པས་མཐའ་མཇུག་གི་གྲ་སྒྲིག་སྦྱོང་བརྡར་བྱེད་བཞིན་ཡོད། ཁོང་ཚོས་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཐོག་ཆུ་ཚད་ཡག་ཤོས་འདོན་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པ་རེད།
          སྤྱི་ལོ་2018ལོའི་ཕིང་ཁྲང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་རྣམ་གྲངས་ཀྱི་ཨང་དང་པོ་ལེན་མཁན་གྱི་ཧྥ་རན་སིའི་ལུས་རྩལ་པ་ཕེ་ལིན་-ལ་ཧྥེང་གིས། དགུན་དུས་ཨའོ་རྩལ་འགྲན་ཚོགས་སུ་ཞུགས་ཐེངས་གསུམ་པ་ཡིན་པ་རེད། ཁོང་གིས། པེ་ཅིང་ལ་སྐྱོད་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ནི་མཛའ་གྲོགས་དང་། ཞི་བདེ་བཅས་ཀྱི་རྒྱལ་སྤྱིའི་རྒྱས་འཛོམས་ཆེན་པོ་ཞིག་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་འདུག
          འཇར་མན་གྱི་སྐྱེས་པའི་འཁྱགས་ཤུད་འགྲུལ་འཁོར་གྱི་ལུས་རྩལ་པ་ཧྥེ་ལི་ཁེ་སི་-ལོ་ཧེས་སྤྱི་ལོ་2020ལོའི་ལོ་མཇུག་ཏུ་པེ་ཅིང་ཡན་ཆིང་ཏུ་འཁྱགས་ཤུད་འགྲུལ་འཁོར་གྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་ཡོད། ཁོང་གི་ཕུགས་འདུན་ནི་པེ་ཅིང་དུ་ཉུར་མཐར་ཡང་རྟགས་མ་ཞིག་ལེན་ཐུབ་པ་བྱ་རྒྱུ་དེ་རེད།
ཧྥེ་ལི་ཁེ་སི་-ལོ་ཧེས། པེ་ཅིང་གི་འགྲན་བསྡུར་འཁྲུག་ཆ་དོད་པོ་ཡོང་རྒྱུའི་ཡིད་ཆེས་ཡོད། དགུན་དུས་ཨའོ་རྩལ་འགྲན་ཚོགས་ལོ་བཞི་རེར་ཐེངས་གཅིག་གཉེར་ཡོད་པ་དང་། ལུས་རྩལ་པས་གྲ་སྒྲིག་སྦྱོང་བརྡར་བྱེད་པ་ནི་དུས་དེའི་ཆེད་དུ་ཡིན་ཞེས་བཤད་ཡོད།
          ཐུར་ཁེའི་བར་ཐག་་ཐུང་ངུའི་མྱུར་ཤུད་ལུས་རྩལ་པ་ཨ་ཁའར་གྱིས། ང་རང་དགའ་ཚོར་འདུག་ལ་གནོན་ཤུགས་ཀྱང་འདུག རྒྱུ་མཚན་ནི་ང་རང་ནས་དགུན་དུས་ཨའོ་རྩལ་འགྲན་ཚོགས་ནང་ཞུགས་ཐེངས་དང་པོ་དེ་ཡིན་ཞིང་། འཛམ་གླིང་གི་གར་སྟེགས་ཆེ་ཤོས་ཐོག་སླེབས་པར་ང་རང་དགའ་སྤྲོ་དཔག་མེད་བྱུང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། དོན་དེར་ངས་གྲ་སྒྲིག་ཡག་པོ་བྱེད་བཞིན་ཡོད་ཅེས་བཤད་ཡོད་པ་རེད།
          ཨ་རིའི་གངས་འཁོར་ལུས་རྩལ་པ་ཧེང་ཐེ་-ཁྲེ་ཆིས། ང་རང་ནས་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ནང་འགྲན་ལམ་ཡག་ཤོས་མྱོང་རོལ་བྱེད་པ་དང་། ཆུ་ཚད་མཐོ་ཤོས་ཀྱི་རྒྱལ་སྤྱིའི་གར་སྟེགས་ཐོག་ནུས་པ་འདོན་ཐུབ་པའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ངས་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ནང་ཞུགས་ཐུབ་པ་ནི་ལུས་རྩལ་པ་མི་སྒེར་ཡིན་ནའང་འདྲ། ཡང་ན་འཛམ་གླིང་མཐུན་སྒྲིལ་ཡོང་རྒྱུའི་ཐད་ནས་བརྗོད་ན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
          ངས་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་ཉམས་སྣང་མྱོང་ལེན་ཐུབ་རྒྱུའི་རེ་སྒུག་ཞུ་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།