ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མི་འབོར་ཁྲི་530ལས་མེད་པའི་རྒྱལ་ཁབ་འདི་དགུན་ཨོ་འགྲན་ཚོགས་ཀྱི་རྒྱལ་པོ་རུ་ཇི་ལྟར་གྱུར་པ་རེད།

སྤེལ་དུས 2022-02-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              སྤྱི་ཟླ་2པའི་ཚེས་20ཉིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡོངས་སུ་མཇུག་སྒྲིལ་ཏེ་མཐར་ནོར་ཝེ་རུ་ཁག་གིས་གསེར་གྱི་རྟགས་མ་16དང་དངུལ་གྱི་རྟགས་མ་8།  ཟངས་ཀྱི་རྟགས་མ་13བཅས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་དགུན་ཨོ་འགྲན་ཚོགས་ཀྱི་རྒྱལ་པོ་རུ་གྱུར་ཡོད།
              ལོ་ངོ་4ཡི་སྔོན་གྱི་ཕིན་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྟེང་དུའང་ནོར་ཝེའི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་14དང་དངུལ་གྱི་རྟགས་མ་14། ཟངས་ཀྱི་རྟགས་མ་11བཅས་ཀྱིས་བྱ་དགའ་ཨང་དང་པོ་བླངས་པ་རེད།
              དགུན་ཨོ་འགྲན་ཚོགས་སྟེང་དུ་ནོར་ཝེའི་དཔུང་ཚོགས་ཀྱི་རྩལ་འགྲན་རྣམ་པ་ཧ་ཅང་བཟང་ཞིང་དུས་རྟག་ཏུ་ཕུལ་དུ་བྱུང་བའི་གོ་གནས་བཙན་བཟུང་བྱས་ཡོད། སྤྱི་ལོ་ 1924ལོའི་སྐབས་དང་པོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་སྤྱི་ལོ་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བར་དུ་ནོར་ཝེའི་རུ་ཁག་གིས་བསྡོམས་པས་བྱ་དགའི་རྟགས་མ་405(གསེར་གྱི་རྟགས་མ་148དང་དངུལ་གྱི་རྟགས་མ་133། ཟངས་ཀྱི་རྟགས་མ་124།)བླངས་ཤིང་། མི་འབོར་ཁྲི་540ལས་མེད་པའི་ཡོ་གླིང་བྱང་མའི་རྒྱལ་ཁབ་འདིས་ལོ་རྒྱུས་སྟེང་གི་དགུན་ཨོ་འགྲན་ཚོགས་ལས་བྱ་དགའ་ཨང་དང་པོ་བླངས་པས་ནོར་ཝེའི་རུ་ཁག་ལ་དགུན་ཨོ་འགྲན་ཚོགས་ཀྱི་རྒྱལ་པོ་ཞེས་བསྔགས་བརྗོད་མི་བྱེད་མཁན་སུ་ཞིག་མཆིས། 
              ནོར་ཝེའི་རུ་ཁག་གིས་དགུན་ཨོ་འགྲན་ཚོགས་སྟེང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། 
              ཀྲུང་གོས་ནོར་ཝེ་རྒྱལ་ཁབ་ལ་སློབ་སྦྱོང་བྱེད་ས་གང་དག་ཡོད་དམ། 
              ནོར་ཝེས་དགུན་ཨོ་འགྲན་ཚོགས་དང་དབྱར་ཨོ་འགྲན་ཚོགས་སྟེང་ལ་མ་དངུལ་གཏོང་ཚད་སྐོར་གླེང་ཚེ་མི་མང་པོ་ཞིག་གིས་མི་ཚེ་ལ་དོགས་པ་ལངས་སྲིད། 
              སྤྱི་ལོ་2018ལོར་ལྟ་བུར་མཚོན་ན། ནོར་ཝེའི་དབྱར་ཨོ་འགྲན་ཚོགས་དང་དགུན་ཨོ་འགྲན་ཚོགས་སྟེང་གི་ལོ་འཁོར་གང་བོའི་མ་དངུལ་སྔོན་རྩིས་ནི་དབྱིན་པང་ཁྲི་1370ཟིན་པ་དེ་དབྱིན་ཇིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ལོ་དེའི་ལོ་འཁོར་ཡོངས་ཀྱི་སྤྱིའི་སྔོན་རྩིས་ལྟར་རྩིས་ན་དབྱིན་པང་དུང་ཕྱུར་1.375ཡིན་པ་རེད།
              མ་དངུལ་གཏོང་འཇོག་ཐད་ཀྱི་འགལ་རྐྱེན་ཆེན་པོ་དེས་འགྲན་ཡ་དང་ནོར་ཝེའི་འགྲན་རྩོད་བར་གྱི་བར་ཐག་ཇེ་ཉེ་རུ་བཏང་མེད་པར་མ་ཟད། དེ་ལས་ལྡོག་སྟེ་ནོར་ཝེ་རྒྱལ་ཁབ་ཀྱིས་དགུན་དུས་ལུས་རྩལ་འཕེལ་རྒྱས་ལ་གཏན་འཇགས་ངང་སྐུལ་འདེད་གཏོང་བཞིན་ཡོད། 
              ཀྲུང་གོར་བཅའ་སྡོད་བྱས་པའི་ནོར་ཝེའི་གཞུང་ཚབ་ཆེ་མོ་པའེ་སི་ན་ཡིས། ནོར་ཝེས་དགུན་དུས་ལུས་རྩལ་སྟེང་རྒྱལ་ཁ་ལེན་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་མ་ཡིན་ཏེ་དགུན་དུས་ལུས་རྩལ་ནི་ནོར་ཝེ་བ་ཚོའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད། 
              པའེ་སི་ན་ཡིས་ད་དུང་། གོམས་གཤིས་དེའི་རིགས་ཆུང་དུས་ནས་ནོར་ཝེ་བའི་རྒྱུད་ལ་རྡོ་བརྐོས་རི་མོ་བཞིན་བཞག་ཡོད་ལ། ཕ་མ་མང་པོས་བྱིས་པ་ཆུང་དུས་ནས་ཁ་བའི་ཁྲོད་རྩེད་འཇོ་རོལ་དུ་ཁྲིད་ངེས་ཞེས་འགྲེལ་བཤད་བྱས།  
              ནོར་ཝེའི་རི་ཀླུང་གངས་ཤུད་ལུས་རྩལ་པ་གྲགས་ཅན་ཧའེ་ཝུའེ་སི་ཁོ་ལའེ་པོས་ཀུ་རེའི་ཚུལ་དུ། ནོར་ཝེ་བ་ཚོའི་གསང་བ་ཧ་ཅང་སླ་མོ་ཞིག་ཡིན། ང་ཚོ་ཆུང་དུས་ནས་གངས་ཤུད་པང་ལེབ་དང་འགྲོགས་ནས་ཡོད། གུང་གསེང་སྐབས་སུ་མི་རེ་རེས་གངས་ཤུད་པང་ལེབ་གྱོན་ནས་ནགས་ཚལ་ཁྲོད་གངས་ཤུད་གཏོང་གི་འགྲོ་རྒྱུར་དགའ་ཞེས་བརྗོད། 
              ནོར་ཝེ་ལ་མི་འབོར་ཁྲི་500ཡོད་མོད། འོན་ཀྱང་ཐོ་འགོད་བྱས་པའི་ལུས་རྩལ་པ་300ཡང་མེད་པས་ལུས་རྩལ་པ་དང་སྤྱིའི་མི་འབོར་བར་གྱི་བར་ཁྱད་ཧ་ཅང་ཆེ། 
              ཀོན་ཧུའེ་མིང་གིས། གངས་ཤུད་གཏོང་རྒྱུ་ནི་ཡོ་རོབ་བྱང་མའི་རྒྱལ་ཁབ་དག་གི་མི་དམངས་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པ་དང་བྱིས་པ་རྣམས་འགྲོ་ཤེས་དུས་གངས་ཤུད་ཀྱང་གཏོང་ཤེས་ལ། ལོ་20ཅན་གྱི་ལུས་རྩལ་པར་ལོ་བཅུ་གྲངས་ལྷག་གི་གངས་ཤུད་སྦྱོང་བརྡར་ཐོབ་ཡོད་ཅེས་བཤད།
              གྲང་ངར་ལྡན་པའི་དགུན་ཁའི་ཁོར་ཡུག་སྡུག་པོའི་ཁྲོད་དུའང་ནོར་ཝེའི་བ་ཚོས་སྔར་བཞིན་ཕྱི་རོལ་དུ་བྱེད་སྒོ་སྤེལ་བ་དེས་ནོར་ཝེའེ་མི་རྣམས་ལ་རང་བྱུང་ཁམས་ཆེ་མོ་དང་ཉེ་བར་བཅར་པ་དང་སྒོས་སུ་དགུན་དུས་ཕྱི་རོལ་ལུས་རྩལ་ལ་དགའ་བའི་སྤྲོ་སྣང་ངོ་མ་དེ་གསོ་སྐྱོང་བྱས་ཡོད།
              རྐང་རྩེད་སྤོ་ལོའི་དཔལ་འབྱོར་རིག་པ་ཞེས་པའི་དཔེ་དེབ་ཁྲོད་དུ། སྐད་གྲགས་ཆེ་བའི་ལུས་རྩལ་དཔལ་འབྱོར་རིག་པ་ཤིས་མོང་ཁུའུ་པོ་ཡིས་ནོར་ཝེའི་སྲིད་གཞུང་གིས་དམངས་ཡོངས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཚུལ་འདི་ལྟར་བྲིས་ཡོད་དེ། ཞིང་པ་དང་ཉ་པ་རེ་རེ། མི་སུ་དང་གང་ཞིག་རྒྱལ་ཁབ་འདིའི་ས་ཆ་གང་ཞིག་ཏུ་བསྡད་ཀྱང་རུང་ཚང་མ་ལུས་རྩལ་བྱེད་སྒོར་ཞུགས་པའི་དབང་ཆ་ཡོད།
              ལུས་རྩལ་ར་བའི་ལྭ་བ་བརྗེ་སྤོར་ཁང་ནི་དྲོ་སྐྱིད་ལྡན་པ་ཞིག་རེད། ལུས་རྩལ་དགེ་རྒན་ཚོར་ཆེད་ལས་དཔང་ཡིག་ཐོབ་ཡོད། བྱིས་པ་ཚོས་རང་ཉིད་ལ་འཚམ་པའི་སྤོ་ལོའི་རུ་ཁག་ཁྲོད་ཞུགས་ནས་སྤོ་ལོ་རྒྱག་པ་དང་སྦྱོང་བརྡར་བྱེད་ཆོག ལོ་གཅིག་ལ་ཨ་སྒོར་150ཡང་མི་དགོས་པ་དེ་ནོར་ཝེ་བ་ཚོར་མཚོན་ན་མང་པོ་ཞིག་མ་རེད། 
              ལུས་རྩལ་ཚོགས་ར་མང་པོ་ཡོད་པ་ནི་ནོར་ཝེ་བར་རྒྱལ་ཁ་ཐོབ་པའི་གནད་འགག་མིན། ཁོ་ཚོ་ཆེས་ངར་བའི་དགུན་དུས་ལུས་རྩལ་རྣམ་གྲངས་ཀྱི་ཚོགས་ར་ནི་ཆ་རྐྱེན་མཐོན་པོ་མེད་པའི་རི་ཀླུང་གངས་ཤུད་དེ་ཡིན་པ་རེད། 
              པའེ་སི་ན་ཡིས། སུའེ་ཏེན་དང་ཧྥིན་ལན་དུ་དར་ཐོག་སྤོ་ལོ་སོགས་དར་ཐོག་ལུས་རྩལ་ལ་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་གངས་ཤུད་ལ་དེ་བས་མཐོང་ཆེན་བྱེད་ངེས། ནོར་ཝེ་རུ་དགུན་ཁར་རང་ཁྱིམ་གྱི་སྒོ་ཁར་གངས་ཤུད་གཏོང་ཆོག་ཅེས་བཤད།
              ཐེངས་སྔོན་མའི་ནོར་ཝེའི་དགུན་ཨོ་འགྲན་ཚོགས་ཀྱི་འགྲན་ཞུགས་པ་ཨ་སེན་གྱིས་ནོར་ཝེའི་ལུས་རྩལ་པ་གསོ་སྐྱོང་བྱེད་སྟངས་དེ་ལ་བསྟོད་བསྔགས་བྱེད་བཞིན་ཡོད་དེ། ཁོང་གིས་ང་ཚོས་དབྱིན་ཇི་དང་འཇར་མན་དང་འདྲ་བར་འགྲོ་སོང་མི་ཉུང་བ་གཏོང་དགོས་པའི་གངས་འཁོར་དང་གངས་ཐེར་འཕེལ་རྒྱས་གཏོང་མི་སྲིད། ང་ཚོ་འབྱོར་ལྡན་རྒྱལ་ཁབ་ཅིག་ཡིན་རུང་རྒྱལ་ཁ་ནི་འབད་བརྩོན་ལྷོད་མེད་དང་མཐུན་སྒྲིལ་འཆམ་མཐུན་ལས་བྱུང་བར་ང་ཚོར་དེ་བས་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད། 
              ལུས་རྩལ་འཇོན་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་ནོར་ཝེ་བ་ཚོར་རང་ཉིད་ལ་དབང་བའི་དམ་ཚིག་ཅིག་ཡོད་དེ། ལུས་རྩལ་སྤྲོ་སྐྱིད་ཁང་དུ་ལོ་13མན་གྱི་བྱིས་པ་ཚོར་སྐར་མ་བརྒྱབ་ནས་ཨང་རིམ་སྒྲིག་མི་ཆོག
              ནོར་ཝེའི་འཐུས་མི་ཚོགས་པའི་དཔོན་པོ་ཐུའོ་ལེ་ཨའོ་ཕུའུ་ལུའེ་པོས། ང་ཚོས་བྱིས་པ་ཚོ་ལུས་རྩལ་ལ་ཞུགས་པར་རེ་བ་བཅངས་ཡོད། རྒྱུ་མཚན་ནི་ཁོང་ཚོ་ལུས་རྩལ་ནང་ཞུགས་འདོད་ཡོད་པས་ཡིན། བྱིས་པས་ལུས་རྩལ་སྦྱང་རྐྱེན་ནི་ཕྱོགས་གཞན་ཞིག་ཡིན་པ་ལས་འགྲན་རྩོད་དང་རྒྱལ་ཁ་ཐོབ་རྒྱུ་དེ་མིན། ཁོ་ཚོ་རྩེད་མོ་སྐྱིད་པོ་ཞིག་རྩེད་འདོད་ཡོད་པས་ལུས་རྩལ་པར་འཕེལ་རྒྱས་གཏོང་དགོས། དེ་བས་ཀྱང་གལ་ཆེ་བ་ནི་སྤྱི་ཚོགས་ཀྱི་མི་རུ་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན”ཞེས་ནན་གྱིས་བསྟན། 
              ཨའོ་ཧྥུ་ལེ་པོས་ནོར་ཝེ་བ་ཚོའི་ལུས་རྩལ་སྐོར་གྱི་བསམ་གཞིག་ཐབས་ཤེས་ཤིག་སྤྲད་ཡོད་པ་ནི། བྱིས་པ་ཚོར་ལུས་རྩལ་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་བསྐྲུན་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་པ་ལས་བྱིས་པ་མང་པོས་རྒྱལ་ཁབ་ཀྱི་རུ་ཁག་འཛུགས་པའི་དགོས་མཁོའི་ཆེད་དུ་མིན། 
              འོན་ཀྱང་སྤྲོ་སྐྱིད་ཁང་ནས་ཕུལ་བྱུང་ལུས་རྩལ་པ་ནོར་ཝེའི་ཕུལ་བྱུང་ལུས་རྩལ་ལྟེ་གནས་སུ་འདེམས་བཞིན་ཡོད་པ་རེད། 
              ནོར་ཝེའི་ལུས་རྩལ་གྱི་གཏོར་གཟུགས་མཆོད་རྟེན་ཆེན་མོའི་རྩེ་མོ་དེ་སྤྱི་ལོ་1988ལོའི་ཨོ་རྩལ་འགྲན་ཚོགས་རྗེས་སུ་བཙུགས་པ་དང་། ཕུལ་དུ་བྱུང་བའི་ལུས་རྩལ་ལྟེ་གནས་ཀྱིས་ལུས་རྩལ་པ་རྣམས་ལ་ཆེས་བཟང་བའི་སྦྱོང་བརྡར་སྒྲིག་ཆས་དང་། ལུས་རྩལ་དགེ་རྒན། ཚན་རིག་གི་རམ་འདེགས་བཅས་མཁོ་འདོན་བྱས་ཡོད། 
              ཆེད་ལས་ཅན་གྱི་གསོ་སྐྱོང་གིས་ནོར་ཝེའི་དགུན་དུས་ལུས་རྩལ་རྣམ་གྲངས་ཁྲོད་ཕུལ་དུ་བྱུང་བའི་ལུས་རྩལ་པ་ཟམ་མི་ཆད་པར་འབུར་དུ་ཐོན་བཞིན་འདུག
              ཁོང་གིས་ད་དུང་འདི་ནི་ལུས་རྩལ་ལ་བསམ་གཞིག་བྱེད་སྟངས་གསར་པ་ཞིག་རེད། མཐུན་ཚོགས་ཀྱི་ཀྲུའུ་ཞི་དེ་འདྲའི་གལ་ཆེན་མིན། ང་ཚོས་ཆེད་ལས་མི་སྣ་ཐད་ཀར་དུ་ཞུགས་ཏེ་ལས་ཆོད་མཐོན་པོའི་མཉམ་ལས་བྱ་རྒྱུར་རེ་བ་བཅངས་ཡོད་ཅེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།