ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2022ལོའི“ཁྱིམ་ཚང་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་5ཚེས་15ཉིན་རྒྱལ་སྤྱིའི་ཁྱིམ་ཚང་ཉིན་མོ་འཆར་ཉེའི་མཚམས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ལ་2022ལོའི“ཁྱིམ་ཚང་ཡག་ཤོས”10ཡི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད། ཉི་པོ་ཚང་དང་། ཆིན་ལེའང་། ཁྲེན་ཞའོ་ཏུང་། མན་ལི་ཧྲ། ཆའོ་ཨན་ཧྲན། ལིའུ་ཅུན། མ་ཞུའེ་རེན། ཀུའུ་ཤུས་ཁྲང་། ཚའེ་ཞུའེ་ལིན། ཅང་ལའེ་ཀྲུའུ་བཅས་ཀྱི་ཁྱིམ་ཚང་10གཟི་བརྗིད་ལྡན་པའི་ངང་བདམས་པ་རེད།
  ཁོང་ཚོའི་ཁྲོད་མགོ་སྐྲ་དཀར་པོར་གྱུར་པའི་ཁྱོ་ཤུག་དྲ་མིག་པས་དཀའ་ངལ་ལ་མ་འཛེམས་པར་ཁྱིམ་མཚེས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་རྒྱུ་མཐའ་འཁྱོངས་བྱས་པ་དང་། གཞོན་ནུ་ཚན་རྩལ་རྐང་འཛིན་པའི་བཟའ་ཚོས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་ནས་མེས་རྒྱལ་འཕེལ་རྒྱས་ཆེད་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ། བཟའ་ཚོ་འགའ་ཞིག་གིས་ལག་གདང་སྦྲེལ་ནས་ཕ་ཡུལ་དུ་བྱ་གཞག་བཏོད་ནས་གྲོང་གསེབ་དར་རྒྱས་གཏོང་བ། འགའ་ཞིག་གིས་མི་རིགས་མང་པོའི་ཁྱིམ་ཚང་ཆེན་པོའི་མཐུན་སྒྲིལ་མཛའ་བརྩེ་དང་རྒྱལ་གཅེས་དམག་བཀུར་གྱི་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱས་པ། འགའ་ཞིག་གིས་མེས་དབོན་མི་རབས་གསུམ་གྱིས་ལེ་ཧྥུང་གི་སྙིང་སྟོབས་ལག་བསྟར་བྱས་པ། བཟའ་ཚོ་འགའ་ཞིག་གིས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་སའེ་ཧན་རགས་ཆེན་སྲུང་སྐྱོང་བྱས་ནས་ལྗང་མདོག་གི་གཏམ་རྒྱུད་བརྩམས་པ། འགའ་ཞིག་གིས་སྣེ་ཁྲིད་དེ་གོམས་སྲོལ་བསྒྱུར་ནས་ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་ཆགས་པར་བྱས་པ། འགའ་ཞིག་གིས་ཚན་རིག་དང་མཐུན་པའི་ངང་བུ་ཕྲུག་སྐྱོང་བ་དང་ཧུར་བསྲི་གྲོན་ཆུང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་སྤྱོད་བཟང་དར་སྤེལ་བཏང་བ། འགའ་ཞིག་གིས་སྤྱོད་གཙང་རང་གཅུན་དང་། སྤྱོད་གཙང་ཁྱིམ་སྐྱོང་། ཏང་ལ་བློ་དཀར་སེམས་དཀར་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པ་ལ་སོགས། ཁོང་ཚོས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་སྒེར་གྱི་ཕུགས་འདུན་དང་ཁྱིམ་ཚང་གི་ཕུགས་འདུན་དེ་རྒྱལ་ཁབ་ཀྱི་ཕུགས་འདུན་དང་མི་རིགས་ཀྱི་ཕུགས་འདུན་དང་མཉམ་དུ་འདྲེས་པར་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བཅས་ཡོང་ཆེད། ཁྱིམ་ཚང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་རབས་ཀྱི་ཉམས་འགྱུར་དང་རྒྱལ་གཅེས་ཁྱིམ་གཅེས་དང་། ཕན་ཚུན་དགའ་ཞེན། དགེ་བརྩོན་ཡར་ཐོན། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་ཤེས་དཔལ་དར་སྲོལ་གསར་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
  ཡོངས་བསྒྲགས་མཛད་སྒོ་དེ་བརྙན་ལམ་ནས་བསྟན་པ་དང་དྲ་ཐོག་ནས་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱོགས་མི་འདྲ་བའི་ཐད་ནས་ཁྱིམ་ཚང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་ཁྱིམ་ཚང་གི་ནང་མིའི་ལས་ཀ་དང་འཚོ་བའི་མྱོང་ཚོར་སྐོར་གླེང་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཁྱིམ་ཚང་ཡག་ཤོས”ལ་ལག་ཁྱེར་སྤྲད་པ་རེད།