ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

འདི་ལོ་རྒྱལ་ཡོངས་ཀྱི་བཟོ་ཆོག་ཆོག་གི་ཚལ་རྒྱུའི་ཁྲོམ་རའི་གཞི་ཁྱོན་ལ་སྒོར་དུང་ཕྱུར་4100ཟིན་རྒྱུ་ཡིན་པ།

སྤེལ་དུས 2022-07-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  འདི་ལོ་ནས་བཟུང་བཟོ་ཆོག་ཆོག་གི་ཚལ་རྒྱུ་ཚོང་ཚད་མགྱོགས་མྱུར་འཕར་ཞིང་། འདི་ལོའི“ལྔ་གཅིག”ངལ་གསོའི་རིང་། ཐེན་མའོ་དྲ་བ་ཡི་བཟོ་ཆོག་ཆོག་གི་ཚལ་རྒྱུ་ཚོང་ཚད་བསྡོམས་འབོར་དུས་མཚུངས་ལས་འཕར་ཚད་80%ལས་བརྒལ་བ་དང་། “6·18”ཀྱི་རིང་དུས་མཚུངས་ལས་འཕར་ཚད་230%ལས་བརྒལ་ཡོད། ཟླ་ལྔ་པར་ཧོ་མཱ་བཟོ་གྲྭའི་བཟོ་ཆོག་ཆོག་གི་ཚལ་རྒྱུ་ཚོང་བའི་བསྡོམས་འབོར་དུས་མཚུངས་ལས་ལྡབ་1འཕར་ཡོད་པ་རེད།
  ཀྲུང་གོའི་བཟོ་ཆོག་ཆོག་གི་ཚལ་རྒྱུའི་ཐོན་ལས་མནའ་འབྲེལ་གྱི་གྲངས་གཞི་ལས་མངོན་པར། འདི་ལོ་རྒྱལ་ཡོངས་སུ་བཟོ་ཆོག་ཆོག་གི་ཚལ་རྒྱུའི་བསྡོམས་འབོར་སྒོར་དུང་ཕྱུར་4100ཟིན་རྒྱུ་ཡིན་པ་དང་འབྱུང་འགྱུར་ལོ་5ཡི་རིང་སྒོར་དུང་ཕྱུར་ཁྲི་ཟིན་བཟོ་ཡོད་པ་རེད། ཨའེ་མའེ་བློ་འདྲིའི་བསྡོམས་རྩིས་ལ་གཞིགས་ན། བཟོ་ཆོག་ཆོག་གི་ཚལ་རྒྱུ་ཉོ་མཁན་འཛད་སྤྱོད་པའི་ཁྲོད་བཅུ་ཆ་བརྒྱད་ཡན་གྱི་ལོ་ཚད་ནི་ལོ་22ནས་40བར་ཡིན་པ་རེད། བརྟག་དཔྱད་བྱས་པའི་དུད་ཚང་ཁྲོད། དུད་ཚང་བཅུ་ཆ་བརྒྱད་ཀྱིས་གཟའ་འཁོར་རེར་བཟོ་ཆོག་ཆོག་གི་ཚལ་རྒྱུ་མངགས་ཉོ་བྱེད་ཅིང་། འཛད་སྤྱོད་པས་བཟོ་ཆོག་ཆོག་གི་ཚལ་རྒྱུ་ཉོ་དོན་ནི་དུས་ཚོད་གྲོན་ཆུང་བྱ་ཆེད་ཡིན་པ་རེད།
  བཟའ་བཏུང་ལས་རིགས་སུ་བཟོ་ཆོག་ཆོག་གི་ཚལ་རྒྱུ་དར་ནས་ཡུན་རིང་སོང་བ་དང་དེ་སྔ་གཙོ་བོ་ཟ་ཁང་ངམ་ཡང་ན་གསོལ་མགྲོན་ཁང་ནས་མཁོ་འདོན་བྱས་ཏེ་ཟ་མའི་ཚད་གཞི་ཅན་གྱི་ཆུ་ཚད་དང་ཟ་མ་བཟོ་བའི་ཕན་འཕྲས་ཆེ་རུ་གཏོང་གི་ཡོད། ཉེ་བའི་ལོ་ཤས་རིང་། བཟོ་ཆོག་ཆོག་གི་ཚལ་རྒྱུར་འཛད་སྤྱོད་པ་དཀྱུས་མའི་དགའ་བསུ་ཐོབ་ཅིང་། འཛད་སྤྱོད་པ་མང་ཆེ་བའི་ངོས་ནས་བརྗོད་ན། བཟོ་ཆོག་ཆོག་གི་ཚལ་རྒྱུ་ཉོ་སྐབས་ཚལ་ཉོ་མི་དགོས་ལ་བཀྲུ་མི་དགོས་པ་མ་ཟད། བྲོ་བ་གང་འདྲ་བཟོ་བར་བསམ་བློ་གཏོང་མི་དགོས་པར་ཁྱིམ་དུ་ལོག་རྗེས་ཐུམ་སྒྲིལ་ཁ་ཕྱེ་ནས་ཚ་པོ་བཟོ་བའམ་ཡང་ན་བརྔོས་ན་འགྲིག་པས། སྐར་མ་ཁ་ཤས་ནང་ཞིམ་ཟས་གསོལ་ཅོག་ཐོག་བཤོམ་ཐུབ་ཀྱི་ཡོད།
  “མིག་སྔར་བཟོ་ཆོག་ཆོག་གི་ཚལ་རྒྱུར་ད་དུང་ཀུན་གྱིས་ཁས་ལེན་པའི་གཅིག་གྱུར་གྱི་མཚན་ཉིད་ཅིག་མེད། བཟའ་བཏུང་ལས་རིགས་ཁྲོད་བཟོ་ཆོག་ཆོག་གི་ཚལ་རྒྱུ་ནི་ཚད་གཞི་ཅན་དང་བཟོ་ལས་ཅན་གྱི་ཐོན་སྐྱེད་བརྒྱུད་ཁ་ལག་ཟ་བའི་དགོས་མཁོ་སྐོང་བྱེད་ཀྱི་ཚལ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་ཀྲུང་གོ་གསོལ་མགྲོན་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཅིན་ཡུང་གིས་ངོ་སྤྲོད་བྱས།
  ད་ཆ་བཟོ་ཆོག་ཆོག་གི་ཚལ་རྒྱུར་འཛད་སྤྱོད་པ་དེ་བས་མང་བས་དགའ་པོ་བྱེད་པ་མ་ཟད། ཁེ་ལས་མང་པོ་ཞིག་འགྲན་རྩོད་ནང་ཞུགས་པའི་ཚོང་ལམ་གསར་པར་གྱུར་ཡོད། “ཁྱིམ་སྡོད་བཟའ་བཏུང་འཛད་སྤྱོད་ཀྱི་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས་བཟོ་ཆོག་ཆོག་གི་ཚལ་རྒྱུ་བཟོ་མཁན་ཁེ་ལས་མང་དུ་ཕྱིན་པ་དང་དུས་མཚུངས་མ་རྩའི་ཁྲོམ་རས་ཀྱང་བཟོ་ཆོག་ཆོག་གི་ཚལ་རྒྱུ་ཐོན་སྐྱེད་ལས་སྣོན་དང་། མཁོ་སྤྲོད་འཁོར་འབྲེལ། ཐོན་ལས་གླིང་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་ཚད་མཐོའི་དོ་ཁུར་དང་མགྱོགས་མྱུར་མ་འཇོག་བྱས་ནས་བཟོ་ཆོག་ཆོག་གི་ཚལ་རྒྱུ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད” ཅེས་ཅིན་ཡུང་གིས་བརྗོད།
  བཟོ་ཆོག་ཆོག་གི་ཚལ་རྒྱུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག འགྲན་སློང་ཡང་མི་ཉུང་བ་ཞིག་གནས་ཡོད། རང་རྒྱལ་གྱི་ས་ཁྱོན་ཆེ་བ་དང་ཚལ་རིགས་མང་བས་བཟོ་ཆོག་ཆོག་གི་ཚལ་རྒྱུའི་ས་ཁོངས་ཁྱད་ཆོས་མངོན་གསལ་དོད་པས། འབྲེལ་ཡོད་ཁེ་ལས་འཕེལ་རྒྱས་ལ་ས་ཁོངས་ཚོད་འཛིན་གྱི་འཇུར་མིག་འཕྲད་བཟོ་ཡོད། བཟོ་ཆོག་ཆོག་གི་ཚལ་རྒྱུ་འཕེལ་རྒྱས་ཀྱི་ཐོག་མའི་དུས་སྐབས་སུ། ཐོན་ཚད་ཀྱི་ཚད་གཞི་གཅིག་གྱུར་མེད་པ་དང་། ཚལ་བཟོའི་ལག་རྩལ་ཚད་ལྡན་མེད་པ། འཚོ་བཅུད་དང་བྲོ་བ་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ལྷག་ཡོད།
  ཚད་གཞི་ཅན་ནི་བཟོ་ཆོག་ཆོག་གི་ཚལ་རྒྱུའི་ལས་རིགས་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། མིག་སྔར་བཟོ་ཆོག་ཆོག་གི་ཚལ་རྒྱུའི་ལས་རིགས་ཀྱི་ཚད་གཞི་མི་འདང་བའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། ཀོང་ཏུང་གིས་ཀོང་ཏུང་གི་ཚལ་སྣ་ཆེན་པོ་གསུམ་གྱི་བཟོ་ཆོག་ཆོག་གི་ཚལ་རྒྱུའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་གཞིའི་མ་ལག་འཛུགས་སྐྱོང་ཚོད་ལྟའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་བཟོ་ཆོག་ཆོག་གི་ཚལ་རྒྱུར་ཞིང་ཁ་ནས་གསོལ་ཅོག་བར་གྱི་ཚད་གཞི་རབ་དང་རིམ་པ་རིམ་བཞིན་བཟོས་ཡོད། ཟླ་6ཚེས་2ཉིན་ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱིས《བཟོ་ཆོག་ཆོག་གི་ཚལ་རྒྱུ》དང་། 《བཟའ་བཅའི་འཚོ་བཅུད་སྡེབ་ཟས་ཇུས་འགོད་ཕྱོགས་སྟོན》 《བཟོ་ལས་ཅན་དང་ཚད་གཞི་ཅན་གྱི་ཀྲུང་ལུགས་ཐང》 《བཟོ་ལས་ཅན་དང་ཚད་གཞི་ཅན་གྱི་ཀྲུང་ལུགས་ཐང་གར་པོ》བཅས་ཚོགས་པའི་ཚད་གཞི་ཁག་4ཁྱབ་བསྒྲགས་བྱས་པ་རེད།