ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

“ཤ་ཚལ་སྒོང་གསུམ”མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱས་པ།

རང་རྒྱལ་གྱིས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་དང་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་པ།

སྤེལ་དུས 2022-11-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  སྟོན་དུས་དང་དགུན་དུས་ནི“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་འཛད་སྤྱོད་བྱེད་མང་བའི་དུས་ཚིགས་ཡིན་པས་མིག་སྔར་རང་རྒྱལ་གྱི་ཤིང་འབྲས་དང་། སྔོ་ཚལ། ཤ སྒོ་ང་སོགས་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་གནས་ཚུལ་གང་འདྲ་ཡོད་མེད་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དང་མི་སེར་ལ“ཤ་ཚལ་སྒོང་གསུམ”མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་ཇི་ལྟར་བྱེད་པའི་ཐད་ཉེ་ཆར་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།
  གནམ་གཤིས་གྲང་དུ་འགྲོ་བའི་དུས་སུ་སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཆིང་ཧྲེན་རྫོང་ཀའོ་ཐའེ་གྲོང་རྡལ་དུ་ཞིང་པས་དུས་ཡུན་མི་རིང་བར་ཨེ་ཡོན་གྱི“སིལ་ཁན་ཚ་ལུ་མ”འཚོང་བཞིན་ཡོད་པ་དང་དུས་ཡུན་མི་རིང་བར་ཚ་ལུ་མའི་རིགས་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་འདོན་རྒྱུ་རེད།
  “མ་གཞི་དུས་འགོར་ཐན་སྐྱོན་གྱི་ཤུགས་རྐྱེན་ཕོག་ཡོད་མོད། འོན་ཀྱང་ཞིང་པས་འདེབས་གསོ་ཞིབ་ཚགས་བྱས་པ་བརྒྱུད‘སིལ་ཁན་ཚ་ལུ་མ’སྤུས་ཀ་ལེགས་ལ་བྲོ་བ་ཞིམ་པ་དང་རིན་གོང་ཡང་མཐོ་པོ་རག་གི་ཡོད། ཞིང་པས་མཉམ་ལས་ཁང་དང་ཀུང་སི་དང་མཉམ་ལས་བྱས་པས་ཚ་ལུ་མ་སོས་ཉར་དང་། ལོགས་འདེམས། བྲིན་ཚོང་བཅས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་ཀའོ་ཐའེ་གྲོང་རྡལ་གྱི་ཀྲེན་ཀྲང་ཞུས་ཅུན་གྱིས་བཤད།
  ཤིང་འབྲས་དང་། སྔོ་ཚལ། ཤ སྒོ་ང་སོགས་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཡག་པོ་བྱ་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་འཚོ་བ་དང་ཞིང་པའི་ཐོན་འབབ་དང་འབྲེལ་བ་ཡོད།
  ཞིང་ལས་དང་གྲོང་གསེབ་པུའི་ཁྲོམ་ར་དང་ཆ་འཕྲིན་ཅན་སིའི་སི་ཀྲང་ཐང་ཁོ་ཡིས། མིག་སྔར་རང་རྒྱལ་གྱི“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཐོན་སྐྱེད་ཀྱི་རྣམ་པ་ཡག་པོ་ཡོད་པ་དང་། མཁོ་སྤྲོད་བསྡོམས་འབོར་འདང་ངེས་ཡོད་པ། ཁྲོམ་ར་བརྟན་པོ་ཡོད་པ་བཅས་ལས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
  དེའི་ནང་སྔོ་ཚལ་ཐོན་ཚད་བརྟན་ཁྲོད་འཕར་བ་དང་རིན་གོང་དུས་ཚིགས་རང་བཞིན་གྱིས་ཆག་ཡོད། རྒྱལ་ཡོངས་སུ་སྔོ་ཚལ་གྱི་སྣ་ཁ་གཙོ་བོ་སྐྱེ་ཚུལ་རྒྱུན་གཏན་ཡིན་པ་དང་རྒྱ་ཁྱོན་དང་ཐོན་ཚད་ཚང་མ་འཕར་ཡོད། ཟླ་11པའི་ཟླ་འགོར་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་9079.9ཟིན་པ་དེ་དུས་མཚུངས་ལས་མུའུ་ཁྲི་163.1འཕར་ཡོད། གཟའ་འཁོར46པར(ཟླ་11ཚེས་14ནས་20ཉིན་བར)ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་སྔོ་ཚལ་སྣ་ཁ་28ཀྱི་གཟའ་འཁོར་གྱི་ཆ་སྙོམས་རིན་གོང་སྤྱི་རྒྱ་རེར་སྒོར་4.21ཡིན་པ་དེ་ཟླ་བ་གོང་མའི་དུས་མཚུངས་ལས་3.2%ཆག་ཡོད་པ་རེད།
  ཤིང་འབྲས་ཐོན་ཚད་མཐོ་ལ་རིན་གོང་ཡང་སྤྱིར་ན་བརྟན་པོ་ཡོད་པ་རེད།
  དུས་འགོའི་ཤིང་འབྲས་ཀྱི་རིན་གོང་ཟླ་བ་ལྔ་བསྟུད་མར་ཆག་པ་དང་ཉེ་དུས་དུས་ཚིགས་རང་བཞིན་གྱིས་འཕར་ཡོད། གཟའ་འཁོར་46པར་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་ཤིང་འབྲས་སྣ་ཁ་6གི་གཟའ་འཁོར་གྱི་ཆ་སྙོམས་རིན་གོང་སྤྱི་རྒྱ་རེར་སྒོར་6.72ཡིན་པ་དེ་ཟླ་བ་གོང་མའི་དུས་མཚུངས་ལས་1.1%འཕར་ཡོད་པ་རེད།
  ཕག་པའི་ཐོན་ཚད་ལུགས་མཐུན་གྱི་ཆུ་ཚད་དུ་གནས་པ་དང་ཕག་ཤའི་རིན་གོང་བརྟན་པོའི་ངང་ཆག་ཡོད་པ་རེད། འདི་ལོའི་ཟླ་5པ་ནས་ཟླ་7པའི་བར་གསར་སྐྱེས་ཕག་ཕྲུག་གི་གྲངས་འབོར་ན་ནིང་གི་དུས་མཚུངས་དང་སྤྱིར་ན་གཅིག་མཚུངས་ཡིན་པ་དེ་ལས་ཟླ་11པ་ནས་སང་ལོའི་དཔྱིད་གསར་དུས་ཆེན་བར་ཕག་པ་བཤས་གཏོང་ཚད་ན་ནིང་གི་དུས་མཚུངས་དང་ཧ་ལམ་གཅིག་མཚུངས་ཡོང་རྒྱུ་ཡིན་པ་མཚོན་གྱི་ཡོད། གཟའ་འཁོར་46པར་ཕག་ཤ་སྡེབ་འཚོང་ཁྲོམ་རའི་གཟའ་འཁོར་གྱི་ཆ་སྙོམས་རིན་གོང་སྤྱི་རྒྱ་རེར་སྒོར་33.47ཡིན་པ་དེ་ཟླ་བ་གོང་མའི་དུས་མཚུངས་ལས་2.3%ཆག་ཡོད་པ་རེད།
  ཚགས་ཤ་དང་། ལུག་ཤ བྱ་ཤ སྒོ་ང་བཅས་ཀྱི་ཐོན་སྐྱེད་རྣམ་པ་ཡག་པོ་ཡོད་པ་དང་རིན་གོང་སྤྱིར་ན་བརྟན་པོ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཚགས་ཤ་དང་། ལུག་ཤ བྱ་ཤ སྒོ་ང་བཅས་ཀྱི་ཐོན་འབོར་དུས་མཚུངས་ལས་ཅུང་ཟད་མང་དུ་ཕྱིན་ཡོད། ཉེ་དུས་གཙོ་གནད་ཐོན་ཁུལ་གྱི་བྱ་གསོའི་ར་བར་མུ་མཐུད་བྱ་རིགས་མང་དུ་གཏོང་བཞིན་ཡོད་པ་དང་སྒོ་ང་དང་བྱ་ཤ་མཁོ་འདོན་བྱེད་ཚད་སྤྱིར་ན་མང་དུ་འགྲོ་བཞིན་ཡོད། གཞན་ཡང་། ཆུའི་ཐོན་རྫས་ཀྱི་ཐོན་འབོར་མང་དུ་ཕྱིན་པ་དང་རིན་གོང་བརྟན་པོ་ཡོད་པས་དུས་མཚུངས་དང་འདྲ་པོ་ཡིན་པ་རེད།
  “ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་སྔར་བས་ནན་དུ་བཏང་ནས། དགུན་དཔྱིད་ཀྱི་གཙོ་གནད་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་འགན་ལེན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
  མིག་སྔར། ས་གནས་ཁག་གིས་འབྲེལ་ཡོད་ས་ཁུལ་གྱི་ཟོག་ཁུངས་སྒྲིག་འཛུགས་དང་གཏོང་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། མཇུག་སྣེའི་སྡེབ་སྐྱེལ་བྱེད་ཐབས་ལེགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་བཞིན་ཡོད། དྲ་ཐོག་ཚོང་དོན་ལས་སྟེགས་ཁག་གཅིག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ཡོད། ཕན་ཏོག་ཏོག་ལས་སྟེགས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་བར་གླ་མི་དགོས་པ་དང་དྲ་བཞུད་ཀྱི་རྒྱབ་སྐྱོར་སོགས་ཀྱི་བྱེད་ཐབས་ཐོག་ནས་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་ཚོང་ལམ་འཚོལ་བ། “ཕན་ཏོག་ཏོག་ནས་སྔོ་ཚལ་ཉོ་བར”ལྗང་མདོག་ཟོག་འགྲེམས་བགྲོད་ལམ་བཏོད་དེ་ཀྭ་རིགས་དང་ཤིང་འབྲས་སོས་པ་དུས་ཐོག་ཏུ་གྲོང་ཚོ་ནས་གྲོང་ཁྱེར་དུ་དབོར་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད།
  ཐང་ཁོ་ཡིས་བརྗོད་དོན། གོམ་སྟབས་རྗེས་མར་ཕྱོགས་གསུམ་གྱི་བྱེད་ཐབས་ལ་བརྟེན་ནས“ཤ་ཚལ་སྒོང་གསུམ”འགན་ལེན་བྱ་རྒྱུ་སྟེ།
  —— དགུན་དཔྱིད་ཀྱི་ཐོན་སྐྱེད་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ལྷོ་ཚལ་བྱང་འདྲེན་གྱི་རྟེན་གཞི་བསྐྲུན་པ་དང་བྱང་ཕྱོགས་ཀྱི་སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ། གྲོང་ཁྱེར་ཆེ་འབྲིང་ཉེ་འཁོར་གྱི་སྔོ་ཚལ་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་ཤ་རིགས་དང་། སྒོ་ང་། འོ་མ། ཆུའི་ཐོན་རྫས་སོགས་གཙོ་གནད་ཐོན་རྫས་ཐོན་སྐྱེད་ལ་དམ་འཛིན་ལེགས་པོ་བྱེད་པ་དང་། སྲོག་ཆགས་ཀྱི་ནད་ཡམས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཀར་སྐུལ་འདེད་ཏན་ཏིག་གཏོང་བ། བཤས་གཏོང་བ་དང་ཉ་འཛིན་རྒྱུར་ཁྲིད་སྟོན་ལུགས་མཐུན་བྱ་རྒྱུ་དང་།
  —— ཐོན་སྐྱེད་འཁོར་རྒྱུག་ཤར་བགྲོད་ཐུབ་པར་བྱ་རྒྱུ་ཡིན་ཞིང་། ཞིང་ལས་ཐོན་རྫས་སོས་པ་སྐྱེལ་འདྲེན་བྱེད་པའི་ཤར་བགྲོད་ལམ་གྱི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་། “ཤ་ཚལ་སྒོང་གསུམ་”གྱི་ཐོན་རྫས། བྱ་ཕྲུག་དང་ཕྱུགས་ཕྲུག་སོགས་སྐྱེལ་འདྲེན་བྱེད་ལམ་ཤར་བགྲོད་ཐུབ་པ་བྱ་རྒྱུ། ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ཀྱི་འཕྲལ་སྡོམ་ལམ་སྲོལ་བཙུགས་ནས་ལས་རིགས་མཐུན་ཚོགས་དང་དྲ་ཐོག་ཚོང་དོན་ལས་སྟེགས་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཏེ། གཙོ་གནད་ས་ཁུལ་དང་གཙོ་གནད་རིགས་ཀྱི་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ཡག་པོ་ཡོང་བ་བྱ་རྒྱུ།
  —— འགན་འཁྲི་དམ་དུ་དང་ནན་དུ་གཏོང་རྒྱུ་ཡིན་ཞིང་། “ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་ཀྱི་དཔྱད་ཞིབ་ལག་བསྟར་ཞིབ་སྲོལ་བཀྲམ་ནས། ས་གནས་ཁག་གིས་ཐོན་རྫས་གཏོང་འདྲེན་ལ་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་བྱས་ནས་ཉར་ཡུན་རིང་བའི་སྔོ་ཚལ་དང་། ཤིང་འབྲས། འཁྱག་ཤའི་ཐོན་རྫས། ཆུའི་ཐོན་རྫས་བཅས་གྲབས་གསོག་ཡག་པོ་བྱས་ཏེ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།