ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ།

སྤེལ་དུས 2023-11-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་།  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་དུ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་ཞིང་། དེ་ནི་ཉེ་བའི་ལོ་ཤས་ཀྱི་རིང་ལ་གཞི་ཁྱོན་ཆེས་ཆེ་བའི་ཕྱག་དབང་གནང་བའི་བྱེད་སྒོ་ཞིག་ཡིན།   
              ཉིན་དེར་གཞིས་ཀ་རྩེའི་ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་ལ། ཉི་སེར་རི་བོའི་རི་གཤམ་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་དད་ལྡན་མང་ཚོགས་རྣམས་བཀྲ་ཤིས་ལྷུན་པོ་དགོན་དུ་ཡོང་ནས་སྟར་ཕྲེང་བཞིན་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་དབང་གནང་རྒྱུར་སྒུག་ནས་བསྡད།   
              ཆུ་ཚོད10པ་ལྷག་ལ། ཆོས་དུང་གི་སྒྲ་ལྷང་ལྷང་གྲགས་པ་དང་བསྟུན་ནས། པཎ་ཆེན་རིན་པོ་ཆེ་མཆོག་དགེ་འདུན་པའི་ཚོགས་དང་ལྷན་དུ་དགོན་པར་ཕེབས་ནས་བཞུགས་ཁྲི་གསོལ་བ་དང་། དགེ་འདུན་པ་མང་པོས་གུས་ཞབས་དང་བཅས་ཁོང་གི་སྐུ་མདུན་དུ་བསྡད། ལག་ཏུ་ཁ་བཏགས་བཟུང་བའི་དད་ལྡན་མང་ཚོགས་ཀྱིས་ཞྭ་མོ་ཕུད་ནས་ག་ལེར་བཞུགས་ཁྲིའི་མདུན་དུ་ཕྱིན་ཞིང་། པཎ་ཆེན་རིན་པོ་ཆེ་མཆོག་གི་ཞལ་ལ་བྱམས་བརྩེའི་འཛུམ་མདངས་རྒྱས་བཞིན་དད་ལྡན་མང་ཚོགས་རྣམས་ལ་རེ་རེ་བཞིན་ཕྱག་དབང་གནང་།    

པཎ་ཆེན་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ།
              ལོ71ལ་སླེབས་པའི་ཚེ་རིང་ཆོས་སྒྲོན་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ནས་ཡིན་པ་དང་། ཉིན་དེར་རང་གི་བུ་མོ་དང་མཉམ་དུ་འཁར་རྒྱུག་བཙུགས་ནས་བཀྲ་ཤིས་ལྷུན་པོ་དགོན་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་དབང་གནང་བར་སྒུག་ནས་བསྡད་འདུག ཨ་མ་རྒན་མོ་ག་ལེར་རིན་པོ་ཆེའི་སྐུ་མདུན་དུ་ཡོང་སྐབས། པཎ་ཆེན་རིན་པོ་ཆེ་མཆོག་གིས་བྱམས་བརྩེའི་ངང་རྨོ་ལགས་ཀྱི་ལག་གི་ཁ་བཏགས་བཞེས་ནས་བགྲེས་སོང་ཁོང་གི་སྐེ་ལ་གཡོག་སྟེ་ཁོང་ལ་ག་ལེར་ཕྱག་དབང་གནང་བར་མ་ཟད།  བགྲེས་སོང་ཁོང་བདེ་ཐང་དང་ཚེ་རིང་བའི་སྨོན་འདུན་ཡང་ཡང་ཞུས། 
              “པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་དབང་ཞུ་ཐུབ་པ་ནི་རང་ཉིད་ཀྱི་བསོད་ནམས་ཡིན། པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཟུགས་བདེ་ཐང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་རྨོ་ཚེ་རིང་ཆོས་སྒྲོན་གྱིས་བཤད་པ་དང་། མོ་ལ་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུར་པར་དང་། པར་རྟགས། རྡོ་རྗེ་བཅས་གནང་། རྨོ་ཚེ་རིང་ཆོས་སྒྲོན་གྱིས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་དབང་ཐོབ་པ་ནི་རང་ཉིད་ཀྱི་བསོད་ནམས་ཡིན་ལ་སྟབས་བདེའི་འགྲིམ་འགྲུལ་དང་ཡང་ཁ་འབྲལ་ཐབས་མེད་ཅེས་བཤད།  
པཎ་ཆེན་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ།
              གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་མི་བསོད་ནམས་དོན་གྲུབ་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་བཅར་ནས་ལག་གཉིས་ཀྱིས་མ་ཎི་ལག་འཁོར་མཐོ་རུ་བཏེགས་ཤིང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་གཟིགས་མ་ཐག་འཕྲལ་དུ་ཁོང་ལ་ཕྱག་དབང་གནང་བར་མ་ཟད། ལག་གི་མ་ཎི་ལག་འཁོར་ལ་ཡང་རབ་གནས་མཛད། “ད་ཆ་འཚོ་བ་བདེ་སྐྱིད་ལྡན་པ་ཡོད། དེ་རིང་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་དབང་དང་རབ་གནས་ཞུ་ཐུབ་བྱུང་བས་སེམས་སུ་དགའ་ཚོར་ཆེན་པོ་སྐྱེས་བྱུང”ཞེས་བསོད་ནམས་དོན་གྲུབ་ཀྱིས་མ་ཎི་ལག་འཁོར་སྐོར་བཞིན་འབྲལ་མི་འདོད་པའི་ངང་མིག་གིས་ཕྱིར་ལྟ་བྱས། 
              “ཉིན་ལྔའི་གོང་དུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་ཕྱག་དབང་གནང་རྒྱུའི་སྐོར་གྱི་གཏམ་བཟང་ཐོས་སྐབས་ཆེད་དུ་ནང་སོག་ཨེར་ཏུའོ་སི་གྲོང་ཁྱེར་ནས་མཇལ་བར་ཡོང་བ་ཡིན”ཞེས་ལོ65ལ་སླེབས་པའི་ཐང་ཧྲེང་པོ་རིས་ནི་སོག་པོ་ཡིན་ཞིང་། ཁོང་གིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་ཐུབ་རྒྱུ་ནི་ངའི་སེམས་ནང་གི་ལོ་མང་པོའི་བསམ་འདུན་ཞིག་ཡིན། “2016ལོར་པཎ་ཆེན་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་གནང་བའི་རིང་ལ་ཞུགས་འདོད་ཡོད་ཀྱང་ཡོང་མ་ཐུབ། ད་རེས་གཞི་ནས་བསམ་དོན་གྲུབ་སོང་།” པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་དབང་ཐོབ་རྗེས་ཐང་ཧྲེན་པོ་རི་དགའ་བའི་མཆི་མ་དབང་མེད་དུ་ཤོར། ལོ་བཅུའི་སྔོན་ལ་མོ་རང་ལྷ་སར་ཐེངས་གཅིག་ཡོང་མྱོང་། ཐེངས་འདིར་བོད་ལྗོངས་སུ་སླེབས་ཚེ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་བར་ལྟ་བའི་འགྱུར་ལྡོག་བྱུང་ཡོད་པ་མཐོང་ཞིང་། དེ་རིང་གི་ཕྱག་དབང་གནང་བའི་བྱེད་སྒོ་ལས་བོད་ལྗོངས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་འགན་ལེན་གང་ལེགས་བྱས་ཡོད་པར་མཚོན་གྱི་འདུག་ཅེས་བཤད། 
སུའོ་ཉི་ཡ་ཡི་ནང་མི་གསུམ་པོས་ཕྱག་དབང་ཞུ་རྗེས་དྲན་རྟེན་གྱི་པར་བརྒྱབ་པ།
              ཚང་མ་སོག་རིགས་ཡིན་པའི་སུའོ་ཉི་ཡའི་ཁྱིམ་མི་གསུམ་པོ་ནི་ཤིན་ཅང་ནས་བོད་ལྗོངས་སུ་ཡུལ་སྐོར་དུ་ཡོང་ཞིང་། ལམ་བར་དུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་དབང་གནང་བའི་གནས་ཚུལ་ཐོས་རྗེས་གཞིས་རྩེར་ཉིན་ཁ་ཤས་ལ་བསྡད་ཅིང་། ཕྱག་དབང་གནང་བའི་ཉིན་དེར་ཆེད་དུ་རང་མི་རིགས་ཀྱི་རྒྱན་གོས་གྱོན་ནས་མཇལ་དུ་ཡོང་བ་ཡིན།  “པཎ་ཆེན་རིན་པོ་ཆེ་མཆོག་གི་མཚན་སྔ་མོ་ནས་ཐོས་མྱོང་ཡོད། ད་ཐེངས་མཇལ་རྒྱུ་བྱུང་བ་ནི་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་རེད”ཅེས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་དབང་ཞུས་རྗེས་སུ་སུའོ་ཉི་ཡ་ཡང་དགའ་བའི་མཆི་མ་ཤོར།   
པཎ་ཆེན་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ།   
              ཕྱག་དབང་གནང་རིང་པཎ་ཆེན་རིན་པོ་ཆེ་མཆོག་ཐོག་མཐའ་བར་གསུམ་དུ་བཞུགས་ཁྲི་གསོལ་ཏེ་ཞལ་རས་ལས་བྱམས་བརྩེའི་འོད་སྣང་འཕྲོས་བྱུང་། པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་ནས་ལག་ཏུ་སྐུ་པར་དང་ཚེ་མདུད་འཁྱེར་བའི་དད་ལྡན་མང་ཚོགས་ཚོས་དད་གུས་ཆེན་པོ་བཅངས་ནས་ཁོང་མཇལ་བར་ཡོང་བ་དང་། སེམས་སུ་དགའ་ཚོར་ཆེན་པོས་ཕྱིར་ལོག་བཞིན་མཆིས།   
              ཕྱག་དབང་གནང་ཡུལ་དུ་བཀྲ་ཤིས་ལྷུན་པོ་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་བདེ་འཇགས་དང་སྟབས་བདེའི་ལམ་བུ་ཆེད་མངགས་བཀོད་སྒྲིག་བྱས་ནས། རྐང་པ་བདེ་མོ་མེད་པའི་དད་ལྡན་མང་ཚོགས་ལ་སྟབས་བདེ་བསྐྲུན་པར་མ་ཟད། ད་དུང་བཏུང་ཇ་མཁོ་འདོན་ས་ཚིགས་དང་། སྨན་བཅོས་རོགས་སྐྱོབ་ས་ཚིགས་སོགས་བཙུགས་ནས་བྱེད་སྒོ་བདེ་འཇགས་དང་། ཞི་མཐུན། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད།   
              ད་ཐེངས་ཕྱག་དབང་གནང་ཡུན་ཉིན་གཉིས་ཡིན།
              པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེ་བའི་སྤྲུལ་སྐུ་ཞིག་ཡིན་ལ། ཁོང་ནི1990ལོའི་ཟླ2པའི་ཚེས13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྐུ་འཁྲུངས་ཤིང་།  1995ལོའི་ཟླ11པའི་ཚེས29ཉིན་གསེར་བུམ་དཀྲུགས་འདོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། 

རྩོམ་སྒྲིག་པ། རིག་གྲོལ།