ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པཎ་ཆེན་རིན་པོ་ཆེ་མཆོག་གིས་དགེ་འདུན་པ་རྣམས་ལ་བཀའ་སློབ་གནང་།

སྤེལ་དུས 2023-11-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་རི་བོ་ཆེ་དགོན་དང་བཞད་མཐོང་སྨོན་རྫོང་བཀྲ་ཤིས་དགེ་འཕེལ་དགོན་དུ་ཕེབས་ནས་བཀའ་ཆོས་གནང་ཞིང་། དགོན་པ་ཁག་གི་དད་ལྡན་མང་ཚོགས་དང་དགེ་འདུན་པ་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཆེན་པོ་ཞུས།   
 
པཎ་ཆེན་རིན་པོ་ཆེ་མཆོག་རི་བོ་ཆེ་དགོན་དུ་ཕེབས་ནས་དགོན་པའི་མདུན་གྱི་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ།
              ངམ་རིང་རྫོང་རི་བོ་ཆེ་ཞང་ནི་བོད་ལྗོངས་ཀྱི་བཟོ་ལས་པ་གྲགས་ཅན་དང་ལྷ་མོའི་ཟློས་གར་གྱི་སྲོལ་འབྱེད་མཁན་ཐང་སྟོང་རྒྱལ་པོའི་ཕ་ཡུལ་ཡིན་ཞིང་། ཟླ11པའི་ཚེས10ཉིན། པཎ་ཆེན་རིན་པོ་ཆེ་མཆོག་རི་བོ་ཆེ་ཞང་རི་བོ་ཆེ་དགོན་དུ་རྟེན་མཇལ་དང་བཀའ་ཆོས་གནང་བར་ཕེབས། དེ་ཡང་རི་བོ་ཆེ་དགོན་ནི་སྤྱི་ལོ1449ལོར་གྲུབ་དབང་ཐང་སྟོང་རྒྱལ་པོས་བཞེངས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་ལ། ད་ལྟའི་བར་དུ་ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན།
              “ངས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕ་ཡུལ་ནས་བཀའ་ཆོས་དང་ཕྱག་དབང་གནང་རྒྱུ་ཡིན་པར་ཤེས་འཕྲལ། དེ་མུར་རྫོང་ནས་གྲོང་རྡལ་དུ་ལོག་པ་ཡིན།” བསོད་ནམས་ནི་རི་བོ་ཆེ་ཞང་རི་བོ་ཆེ་གྲོང་ཚོའི་གྲོང་མི་ཞིག་ཡིན་ཞིང་། ཞིང་ལས་མེད་པའི་སྐབས་སུ་ཁོས་ངམ་རིང་རྫོང་དུ་ལས་ཀ་བྱེད་ཀྱིན་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་བའི་ཉིན་དེར། བསོད་ནམས་ཀྱིས་ལྷ་ཆས་སྤྲས་ཏེ་སྔ་མོ་ནས་རི་བོ་ཆེ་དགོན་པའི་མདུན་དུ་པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་པར་བསྒུགས། ཁོས་པཎ་ཆེན་རིན་པོ་ཆེ་མཆོག་རང་ཡུལ་དུ་ཕེབས་པ་ནི་ང་ཚོའི་གྲོང་མི་ཡོངས་ཀྱི་བསོད་ནམས་ཡིན་ཞིང་། གྲོང་མི་ཚང་མས་ཁོང་གི་བཀའ་དྲིན་དྲན་བཞིན་དགའ་ཚོར་ཆེན་པོ་སྐྱེས་བྱུང་། པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་འབྱོར་ཟིན་རྗེས་སུ་ང་ཚོའི་ལྷ་མོ་རུ་ཁག་གིས་ཀྱང་སྲོལ་རྒྱུན་གྱི་གཅུང་པ་ལྷ་མོ་ཚན་པ་ཞིག་འཁྲབ་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་ཡིན།     
              ཉིན་དེའི་ཆུ་ཚོད12ལ་བསླེབས་ཙམ་ན། པཎ་ཆེན་རིན་པོ་ཆེ་མཆོག་འཁོར་དང་བཅས་པ་རི་བོ་ཆེ་ཞང་དུ་ཕེབས་ཤིང་། ཁོང་གི་ཞལ་རས་ལས་བྱམས་བརྩེའི་འཛུམ་མདངས་བར་མེད་འཕྲོ་བཞིན་དུ་དགོན་པའི་མདུན་གྱི་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་ཞིང་། གཅུང་པ་ལྷ་མོའི་གར་མཁན་རྣམས་ལའང་ཕྱག་ཟུང་གཡུག་གཡུག་གནང་སྟེ་བཀའ་དྲིན་མཚོན་པའི་ཕྱག་བརྡ་གནང་། དེའི་རྗེས་སུ་དུང་དང་རྒྱ་གླིང་གི་སྒྲ་ལྷང་ལྷང་དུ་གྲངས་པ་དང་བསྟུན་ནས། བླ་མ་དགེ་འདུན་པའི་ཕེབས་བསུའི་ཁྲོད་དུ་པཎ་ཆེན་རིན་པོ་ཆེ་མཆོག་ག་ལེར་ཚོམས་ཆེན་དུ་ཕེབས་ནས་འཇིགས་བྱེད་ལྷ་ཁང་དུ་རྟེན་མཇལ་གནང་བ་དང་། རྡོ་བརྐོས་དང་ཚ་ཚའི་རིག་དངོས་བཤམས་སྟོན་ཁང་ལ་གཟིགས་སྐོར་གནང་རྗེས་སུ་བཞུགས་ཁྲིར་གསོལ་ནས་དགེ་འདུན་པ་ཚོར《ཡོན་ཏན་གཞིར་གྱུར་མ》ཆོས་ཁྲིད་མཛད་ཅིང་ཕྱག་དབང་གནང་།      
              པཎ་ཆེན་རིན་པོ་ཆེ་མཆོག་གིས་ཆོས་ཁྲིད་གནང་སྐབས་སུ་ཁོང་གི་ཞལ་ནས། དེང་སྐབས་འཛམ་གླིང་དུ་དམག་འཁྲུག་བསྟུད་མར་ལངས་བཞིན་ཡོད་པ་དང་མི་རྣམས་ཀྱིས་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད་མོད། ང་ཚོ་སྟབས་ལེགས་པ་ཞིག་ལ་ཞི་བདེ་ལྷིང་འཇགས་ཀྱི་རྒྱལ་ཁབ་ཅིག་དང་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་འཚོ་བ་སྐྱེལ་བཞིན་ཡོད་པས། ང་ཚོས་དུས་རབས་བཟང་པོ་འདིར་གཅེས་སྤྲས་ལྡབ་འགྱུར་གྱིས་བྱ་དགོས་ཞེས་གསུངས་ཤིང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྐབས་དེའི་སྤྱི་ཚོགས་དང་ལོ་རྒྱུས་ཆ་རྐྱེན་ཁྲོད་དུ་བོད་ལྗོངས་ཀྱི་འགྲིམ་འགྲུལ་བྱ་གཞག་དང་ལྷ་མོའི་ཟློས་གར་གྱི་སྲོལ་གསར་དུ་འབྱེད་པར་བྱས་རྗེས་བླ་ན་མེད་པ་བཞག་ཡོད། ང་ཚོས་ཀྱང་སྔོན་བྱོན་དམ་པའི་བློ་སྟོབས་རྒྱུན་འཛིན་བྱས་ནས། པཎ་ཆེན་སྐུ་ཕྲེང་བཅུ་པས་བཞེད་པའི་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་བསྐྱར་དར་གྱི་དུས་ལ་གཞིགས་ཏེ། གཞུང་ཆེན་བཀའ་པོད་ལྔ་རྨང་གཞི་བྱས་ནས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་། སྒོམ་སྒྲུབ་ཉམས་ལེན་བཅས་ལ་གཞོལ་ནས། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་བཅས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ནས། བོད་བརྒྱུད་ནང་བསྟན་དེ་སྐྱོན་བྲལ་ངང་རྒྱུད་འཛིན་དང་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་བསླབ་བྱ་གནང་།    
              “རི་བོ་ཆེ་དགོན་པར་ལོ་རྒྱུས་ཧ་ཅང་རིང་། དེ་རིང་བོད་བརྒྱུད་ནང་བསྟན་གྱི་དེད་དཔོན་ཁོང་ཉིད་དགོན་འདིར་ཆིབས་བསྒྱུར་གནང་བ་ནི་དངོས་གནས་གཟི་བརྗིད་ལྡན་པའི་བྱ་བ་ཞིག་རེད། དགོན་པའི་དགེ་འདུན་པ་ཡོངས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཡོད།”   རི་བོ་ཆེ་དགོན་གྱི་དགེ་འདུན་པ་བློ་བཟང་བྱམས་པས་ཡར་སྔོན་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་སྐབས་སུ་པཎ་ཆེན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་མྱོང་མོད། འོན་ཀྱང་དེ་རིང་པཎ་ཆེན་རིན་པོ་ཆེ་མཆོག་ཆེད་དུ་ང་ཚོའི་དགོན་པར་ཕེབས་ནས་བཀའ་ཆོས་གནང་བ་ནི་དགོན་པའི་དགེ་འདུན་པ་དང་ཡུལ་འདིའི་དད་ལྡན་མང་ཚོགས་ལ་མཚོན་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཞེས་གསུངས།    
 
པཎ་ཆེན་རིན་པོ་ཆེ་མཆོག་རྡོ་བརྐོས་དང་ཚ་ཚའི་རིག་དངོས་བཤམས་སྟོན་ཁང་དུ་གཟིགས་སྐོར་གནང་བཞིན་པ།
              རི་བོ་ཆེ་དགོན་དུ་བཀའ་ཆོས་གནང་བའི་མཛད་སྒོ་ལེགས་པར་འགྲུབ་རྗེས་སུ། པཎ་ཆེན་རིན་པོ་ཆེ་མཆོག་རི་བོ་ཆེའི་ལྕགས་ཟམ་ལ་གཟིགས་སྐོར་གནང་བར་ཕེབས། རི་བོ་ཆེ་ལྕགས་ཟམ་ནི་ཐང་སྟོང་རྒྱལ་པོས་སྤྱི་ལོ1437ལོར་བསྐྲུན་པའི་ཟམ་པ་དགུ་པ་ཡིན་པ་དང་།  དེ་སྔ་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཀྱི་ངོགས་གཉིས་ཀྱི་འགྲིམ་འགྲུལ་གྱི་ལྟེ་བ་ཡིན་ཞིང་།  ཕྱིས་སུ་རྗེས་རབས་པའི་བཟོ་བཅོས་ཐེངས་མང་བརྒྱབ་མྱོང་།  བཅིངས་འགྲོལ་བཏང་རྗེས་སུ་ས་གནས་སྲིད་གཞུང་གིས་ཟམ་པ་དེའི་སྨད་རྒྱུད་དང་བར་ཐག་སྨི100ལྷག་གི་སར་རླངས་འཁོར་ཤར་གཏོང་ཐུབ་པའི་ལྕགས་ཟམ་ཆེན་པོ་ཞིག་བསྐྲུན་རྗེས། ད་གཟོད་དེ་སྔའི་ལྕགས་ཟམ་དེ་ལོ་རྒྱུས་ཀྱི་གར་སྟེགས་ལས་བུད། མིག་སྔར་རི་བོ་ཆེ་ལྕགས་ཟམ་གྱི་ཟམ་བཀྱག་གསུམ་དང་ལྕགས་གདུང་བཞི་སྔར་བཞིན་ཉར་ཚགས་ཡག་པོ་བྱས་ཡོད་པར་མ་ཟད། ལྕགས་གདུང་བཞི་པོར་བཙའ་ཆགས་པའི་རྗེས་ཤུལ་ཅུང་ཙམ་ཡང་མེད་པས། མི་རྣམས་ཀྱིས་གནའ་མིའི་བློ་གྲོས་དང་རྩེར་སོན་གྱི་བཟོ་རྩལ་ལ་མྱོང་ཚོར་གཏིང་ཟབ་སྐྱེས།
              བཀྲ་ཤིས་དགེ་འཕེལ་དགོན་ནི་དུས་རབས14པར་གསར་བཞེངས་གནང་བ་དང་། དེ་ནི་བཞད་མཐོང་སྨོན་རྫོང་གི་ལོ་རྒྱུས་ཡུན་རིང་ལྡན་ཞིང་གཞི་ཁྱོན་ཆེ་ཤོས་ཀྱི་དགོན་པ་ཞིག་ཡིན།       
              ཟླ10པའི་ཚེས12ཉིན། པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་དགེ་འཕེལ་དགོན་དུ་རྟེན་མཇལ་དང་གསུང་ཆོས་གནང་། གསེར་མདོག་ལྡན་པའི་ཞོགས་པའི་ཉི་ཟེར་དགོན་པའི་རྒྱ་ཕིབས་ལ་འཕྲོས་ཚེ། བཟོ་བཀོད་མཛེས་ཤིང་ཁྱད་དུ་འཕགས་པའི་བཀྲ་ཤིས་དགེ་འཕེལ་དགོན་པར་སྔར་ལས་ལྷག་པའི་བརྗིད་ཉམས་རྒྱས།
              པཎ་ཆེན་རིན་པོ་ཆེ་མཆོག་དགོན་པར་འབྱོན་སྐབས་སུ། དགོན་པའི་ནང་དུ་བསང་དུད་ལང་ལོང་འཁྲིགས་ཤིང་ཁོ་ར་ཁོ་ཡུག་ཀུན་ཏུ་རྔ་སྒྲས་ཡོངས་སུ་ཁེངས་པར་གྱུར། དགེ་འདུན་པ་ཚོས་སེར་ཕྲེང་བསྒྲིགས་ནས་བོད་བརྒྱུད་ནང་བསྟན་གྱི་དེད་དཔོན་ཁོང་ཉིད་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས། ཁྱུང་པོ་ངག་དབང་བྱམས་པ་རྒྱལ་མཚན་གྱིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་དར་ཕུལ་བ་དང་། དགེ་འདུན་པ་གཞན་དག་གིས་ཀྱང་ཕྱག་ཟུང་ཐལ་མོ་སྙིང་ཁར་སྦྱར་ནས་པཎ་ཆེན་རིན་པོ་མཆོག་ལ་དད་འདུན་མཚོན་པའི་གུས་འབུལ་ཞུས།
              པཎ་ཆེན་རིན་པོ་ཆེ་མཆོག་གིས་ཁྱུང་པོ་ངག་དབང་རྒྱལ་མཚན་དང་ལྷན་དུ་དགོན་པའི་ཚོམས་ཆེན་གྱི་སྐུ་རྟེན་རེ་རེར་མཇལ་དར་ཕུལ་བ་དང་། ཕྱག་ཟུང་ཐལ་མོ་སྦྱར་ཏེ་རྒྱལ་དར་དམངས་བདེ་དང་། འགྲོ་ཀུན་གཏན་བདེ་ཡོང་བའི་དོན་དུ་བསྔོ་སྨོན་རྒྱ་ཆེར་མཛད་ཅིང་། ཚོགས་བཞུགས་དགེ་འདུན་པ་རྣམས་ཀྱིས་ཀྱང་ཁ་ཏོན་བཏོན་ནས་གསོལ་འདེབས་ཞུས། སྐུ་གསུང་ཐུགས་རྟེན་དག་ལ་མཇལ་ཚར་རྗེས་སུ་པཎ་ཆེན་རིན་པོ་ཆེ་མཆོག་འདུ་ཁང་གི་བཞུགས་ཁྲིར་གསོལ་ནས་དགོན་པའི་དགེ་འདུན་པ་རྣམས་ལ《ལམ་གཙོ་རྣམ་གསུམ》དང་།  《ལམ་མཆོག་སྒོ་འབྱེད》དང་།  《དགའ་ལྡན་ལྷ་བརྒྱ་མ》སོགས་གྱི་ལུང་གནང་ཞིང་ཕྱག་དབང་བསྐུར།
 
པཎ་ཆེན་རིན་པོ་ཆེ་མཆོག་ཁྱུང་པོ་ངག་དབང་རྒྱལ་མཚན་དང་ལྷན་དུ་དགོན་པའི་ཚོམས་ཆེན་དུ་ཕེབས་བཞིན་པ།
              པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་དགེ་འཕེལ་དགོན་དུ་དགེ་འདུན་པ་ཚོར་ཞལ་གསུངས་གནང་ཞིང་། ཁོང་གིས་ཁྱུང་པོ་ངག་དབང་རྒྱལ་མཚན་གྱི་སྣེ་ཁྲིད་འོག་ཏུ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་གྱི་བསམ་བློ་དར་སྤེལ་བཏང་ནས། “ཚད་གཞི་བཞི”དང་མཐུན་པའི་དགེ་འདུན་པ་ཡག་པོ་ཞིག་བྱེད་པ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་ཚུགས་ཏེ། བློ་རྩེ་གཅིག་སྒྲིམ་ངང་བསླབ་གསུམ་དོན་གཉེར་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་གནང་།   
 
པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་དགེ་འཕེལ་དགོན་དུ་ཆོས་ཁྲིད་གནང་བཞིན་པ།
 
 པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་དགེ་འཕེལ་དགོན་དུ་ཆོས་ཁྲིད་གནང་བཞིན་པ།
 
 པཎ་ཆེན་རིན་པོ་ཆེ་མཆོག་གིས་དགེ་འདུན་པ་རྣམས་ལ་ཕྱག་དབང་གནང་བཞིན་པ།
              “ལོ་ངོ9འགོར་རྗེས་སུ་པཎ་ཆེན་རིན་པོ་ཆེ་མཆོག་སླར་ཡང་བཀྲ་ཤིས་དགེ་འཕེལ་དགོན་དུ་ཕེབས་པར་ཧ་ཅང་དགའ་པོ་བྱུང་སོང་། པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཟུགས་གསལ་ཐང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཀྲ་ཤིས་དགེ་འཕེལ་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་གྲགས་ཀྱིས་བརྗོད་བྱུང་། ཁོང་གིས། པཎ་ཆེན་རིན་པོ་ཆེ་མཆོག་གིས་གནང་བའི་བཀའ་ཆོས་ལ་གསན་རྗེས་སུ་རང་ཉིད་ལ་ཕན་པ་ཆེན་པོ་ཐོབ་བྱུང་། པཎ་ཆེན་རིན་པོ་ཆེ་མཆོག་གི་ནང་བསྟན་གཞུང་ལུགས་ཀྱི་མཁྱེན་རྒྱ་ཡངས་པས། ན་གཞོན་དགེ་འདུན་པ་རྣམས་ཀྱི་སློབ་སྦྱོང་གི་མིག་དཔེ་ཡིན་ཞིང་། ང་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གནང་བའི་བཀའ་སློབ་བློ་ལ་བརྟན་པོར་ངེས་པ་དང་། པཎ་ཆེན་རིན་པོ་ཆེ་མཆོག་མིག་དཔེར་བཟུང་ནས་བློ་རྩེ་གཅིག་སྒྲིམ་ངང་ཆོས་ཀྱི་དགོངས་པར་སློབ་སྦྱོང་བྱེད་བཞིན་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས། ཡ་རབས་གཞན་ཕན་གྱི་ལས་ལ་ཕྱོགས་པ་དང་། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་རྒྱུ་ཡིན་ཞེས་བརྗོད།   
 
པཎ་ཆེན་རིན་པོ་ཆེ་མཆོག་བཀྲ་ཤིས་དགེ་འཕེལ་དགོན་པའི་ཆོས་གྲྭར་ཕེབས་ནས་རྟགས་གསལ་གཏོང་བའི་རྣམ་པར་གཟིགས་ཞིབ་གནང་བཞིན་པ།
 
 པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་དགེ་འཕེལ་དགོན་པའི“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་གནས་ཚུལ་དང་དགེ་འདུན་པའི་ཕྱོགས་བསྡུས་དཔྱད་འཇོག་ལམ་སྲོལ་གྱི་འབྲེལ་ཡོད་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།
              ཁྱུང་པོ་ངག་དབང་རྒྱལ་མཚན་གྱི་སྣེ་ཁྲིད་ཁྲོད་དུ་པཎ་ཆེན་རིན་པོ་ཆེ་མཆོག་ལྟུང་བཤགས་ལྷ་ཁང་དང་། གཙང་ཁང་།  སྒྲོལ་མ་ལྷ་ཁང་།  མགོན་ཁང་། འདུ་ཁང་རྙིང་མ། རིག་དངོས་བཤམས་སྟོན་ཁང་བཅས་ལ་ཕེབས་ནས་གཟིགས་སྐོར་གནང་བར་མ་ཟད། དགོན་པའི་ཆོས་གྲྭར་གཟིགས་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཀྲ་ཤིས་དགེ་འཕེལ་དགོན་པའི“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་གནས་ཚུལ་དང་དགེ་འདུན་པའི་ཕྱོགས་བསྡུས་དཔྱད་འཇོག་ལམ་སྲོལ་གྱི་འབྲེལ་ཡོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།   
              པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེ་བའི་སྤྲུལ་སྐུ་ཞིག་ཡིན་ལ། ཁོང་ནི1990ལོའི་ཟླ2པའི་ཚེས13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྐུ་འཁྲུངས་ཤིང་། 1995ལོའི་ཟླ11པའི་ཚེས29ཉིན་གསེར་བུམ་དཀྲུགས་འདོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་།

རྩོམ་སྒྲིག་པ། རིག་གྲོལ།