ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མཁས་དབང་དག་གིས་རྒྱབ་ཤ་དཀར་པོའི་དེབ་ལ་འགྲེལ་བཤད་གནང་བ།

སྤེལ་དུས 2023-11-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཚེས10ཉིན།  ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་དང་།  བོད་ལྗོངས་ཀྱི་མཁས་དབང་མང་པོས་རྒྱབ་ཤ་དཀར་པོའི་དེབ་ལས་མི་རིགས་ཀྱི་ལས་དོན་དང་མཐའ་མཚམས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་གསལ་འབྲེལ་གནང་བར་དོ་ཁུར་བྱས་ཡོད།     
          བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་ཁྲེན་ཕུའུ་ཡིས།  ཉེ་བའི་ལོ་ཤས་ཀྱི་རིང་ལ་ཀྲུང་དབྱང་གིས་བོད་ལྗོངས་ས་གནས་བར་གྱིས་མཐའ་མཚམས་འཕེལ་རྒྱས་ཀྱི་ཐད་ལ་སྔར་བྱུང་མ་མྱོང་བའི་རྒྱབ་སྐྱོར་གནང་ཞིང་།  ཐོན་ལས་ཕྱོགས་ཀྱི་སྐུལ་ཁྲིད་ནུས་ཆོད་མངོན་གསལ་དོད་པོ་ཐོན་འདུག་ཅེས་བཤད།  བོད་ལྗོངས་མཐའ་མཚམས་ཀྱི་རྫོང་ཁག་གིས་ས་བབ་བཟང་པོ་དང་།  རང་བྱུང་ས་ཁམས་ཆ་རྐྱེན། མིས་བཟོས་ཡུལ་ལྗོངས་ཐོན་ཁུངས་བཅས་བེད་སྤྱོད་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག་ཐོན་ལས། མཐའ་མཚམས་ཚོང་དོན་སོགས་ཀྱི་ལེགས་ལྡན་ཐོན་ལས་ཐད་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། མཐའ་མཚམས་ས་ཁུལ་དུ་རང་འགུལ་ངང་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་སྟེ། ནོར་གནག་དང་། ར་མ་སྤུ་རིང་། བོད་ཕག  བོད་བྱ་བཅས་གསོས་ནས་དཔལ་འབྱོར་ནགས་ཚལ་འདེབས་འཛུགས་དང་དྲོད་ཁང་གི་སྤྱིལ་བུ་ཆེན་པོ་བསྐྲུན་པས། ཞིང་འབྲོག་ལས་གཉེར་བའི་མཐའ་མཚམས་དམངས་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་དང་འཚོ་བའི་ཆུ་ཚད་ཐད་བྱས་རྗེས་བཞག་པ་རེད།  བརྗོད་རིན་ཡོད་པ་ཞིག་ནི2018ལོའི་ཡས་མས་སུ་མི་རེའི་ཆ་སྙོམས་ཀྱི་ཐོན་ལས་དང་པོའི་འཕར་ཐང་ནི་བོད་ལྗོངས་ཁུལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཐོན་ལས་དང་པོའི་འཕར་ཐང་ལས་མཐོ་བ་ཡོད་པ་རེད།  
          “མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་འགོག་རགས་ཀྱི་སྲུང་ཐུག་དང་པོ་ཡིན་པས།  ཀྲུང་དབྱང་གིས་བོད་ལྗོངས་ཀྱིས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད།”   བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་བོད་ལྗོངས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲེང་ལི་མའེ་ཡིས་བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་གསར་འཛུགས་ལ་ནུས་ཤུགས་ཡོད་རྒུ་བཏོད་དེ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་།  རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ།  རྒྱལ་དམངས་བདེ་འཇགས་སློབ་གསོ། “རིག་ལྡན་མཐའ་སྲུང”སོགས་ཀྱི་ཐད་ལ་རྒྱུན་འཆད་མེད་པར་མ་དངུལ་བཏང་བས། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་མཐའ་སྲུང་དངོས་ཤུགས་དུས་གཅིག་ཏུ་མཐོ་རུ་ཕྱིན་ཡོད་ཅེས་བཤད། བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་བརྟན་སྲུང་བྱེད་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་གྱི་བྱ་སྤྱོད་དངོས་ནང་བོད་ལྗོངས་དམངས་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་དང་སྤོབས་སེམས་སྔར་བས་འཕེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད།   
          བོད་ལྗོངས་སློབ་ཆེན་གྱི་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་། འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་དང་།  བོད་ལྗོངས་སློབ་ཆེན་གྱི་ནེ་པ་ལའི་ཞིབ་འཇུག་ལྟེ་གནས་དང་འབྲུག་ཡུལ་ཞིབ་འཇུག་ལྟེ་གནས་གཉིས་ཀྱི་འགན་འཁུར་བ་འགྱུར་མེད་མཚོ་ལགས་ཀྱིས། བོད་ལྗོངས་ནི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས་བོད་ལྗོངས་ཀྱི་ཞི་མཐུན་དང་། བརྟན་ལྷིང་། སྒོ་འབྱེད། འཕེལ་རྒྱས་བཅས་ཀྱིས་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་གཏིང་ཟབ་འདྲེས་པར་དུས་མཚམས་གསར་པ་ཕྱེས་པ། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་མཐའ་འཁོར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དང་འགྲོ་འོངས་ལ་སྐུལ་འདེད་བཏང་ཞིང་། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་མཐའ་འཁོར་རྒྱལ་ཁབ་ཀྱི་མཉམ་ཕན་མཉམ་རྒྱལ་གྱི་ཞི་བའི་འཕེལ་རྒྱས་ལ་སྐུལ་འདུད་བཏང་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ལས་དོན་སྤུས་ཚད་མཐོ་བོའི་འཕེལ་རྒྱས་དང་འདྲ་མཉམ་མཐུན་སྒྲིལ། རོགས་རེས་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་བཞིན་བརྟན་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།       
          བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་གཞོན་པ་འབུམ་རམས་པ་བློ་བསྟན་གྱིས་བརྟག་དཔྱད་དང་དཔེ་དྲངས་ནས་བརྗོད་དོན། བོད་ལྗོངས་སུ་ཡུན་རིང་འཚོ་སྡོད་བྱས་པའི་རྒྱ་རིགས་དང་བོད་རིགས་ཕུད་པའི་གྲངས་ཉུང་མི་རིགས་གཞན་དག་གིས་ཀྱང་བོད་རིགས་དང་འདྲ་བར་ཇ་བསྲུབས་མ་དང་རྩམ་པའི་ཟས་སྣ་རོལ་ཞིང་། སྐྱེལ་མ་དང་ཕེབས་བསུ་ཞུས་པའི་གུས་སྲོལ་ཁྲོད་ཁ་བཏགས་འཐེན་པའི་སྲོལ་ཡང་ནང་དུ་འདྲེས་ཡོད། ཁོང་གིས་བལྟས་ཡོང་ན་དེ་ནི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ནས་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་སུ་གྱུར་ཡོད་པ་དང་མི་རིགས་ཁག་དབར་དུ་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བཅས་གཏིང་ཟབ་ཕྱིན་པའི་མཚོན་ཚུལ་ཞིག་ཡིན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཁྲེ་མིང་ཧོའེ་ཡིས་ངོ་སྤྲོད་བྱས་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་དང་། བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་འགན་ལེན་གལ་ཆེན་ཞིག་རེད། ལོ་རྒྱུས་ཀྱི་ཁུངས་སྙེགས་ཚེ། བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་ལ། དེ་ནི་ཁུངས་ལུང་མེད་པར་སྡོམ་ཚིག་བཞག་པ་ཞིག་མ་ཡིན་པར་མི་རིགས་ཁག་གི་རྒྱུད་ལ་བརྟན་དུ་གནས་ཡོད་པའི་བློ་ཁ་ཕྱོགས་ཤུགས་ལས་བྱུང་བ་ཞིག་རེད།   
          ཁྲེ་མིང་ཧོའེ་ཡིས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་རྨང་གཞི་བཏིང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་ངོ་བོའི་ཐོག་ནས་འགྱུར་ལྡོག་བྱུང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲོད་ཀྱི་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་ཞིག་ནི་རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་བོད་ལྗོངས་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དེ་རེད། དུས་རབས་གསར་པར་སླེབས་སྐབས་བོད་ལྗོངས་ཀྱི་དཔལ་འབྱོར་དང་། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཁག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ“འབྲེལ་མཐུད་གསུམ”ཟམ་མི་འཆད་པར་གཏིང་ཟབ་ཏུ་འགྲོ་བའི་ནུས་པ་ཧ་ཅང་ཆེན་པོ་ཞིག་ཏུ་སྙིང་བསྡུས་བྱེད་དགོས་ཞེས་བརྗོད། 

རྩོམ་སྒྲིག་པ། ལྷ་འབྲུག