1951ལོའི་ཟླ5པའི་ཚེས23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་པེ་ཅིང་ཀྲུང་ནན་ཧའེ་སྲིད་བརྩོན་ཚོམས་ཆེན་དུ་མིང་རྟགས་བཀོད་པ་དེས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་ལ། དེ་ནས་བཟུང་མེས་རྒྱལ་སྐམ་ས་ཆེན་པོ་ཡོངས་སུ་གཅིག་གྱུར་བྱུང་བ་རེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དེས་བོད་ལྗོངས་ཀྱི་ལོ་རྒྱུས་ཀྱི་སྲིད་ལོ་གསར་པ་ཞིག་གཏོད་ཅིང་། རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་བཏང་བས་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་ཆེད་ཐབས་ཇུས་འདིང་བ་དང་ཐུགས་ནུས་ཡོད་རྒུ་བཏོན་ནས་འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་དེ་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་དང་བོད་ལྗོངས་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་ཆེད་ཉམས་པ་མེད་པའི་མཛད་རྗེས་བཞག་གནང་བ་རེད།
གཅིག “བོད་ལྗོངས་སུ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད་པའི”ཐབས་ཇུས་འཕྲལ་ཐག་ཆོད་པོས་བཏོན་པ།
1949ལོའི་ཟླ2པའི་ཟླ་འགོར། མའོ་ཙེ་ཏུང་གིས། བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་དཀའ་མོ་ཞིག་མིན་ཏེ། འོན་ཀྱང་མགྱོགས་དྲགས་ལ་མི་འོས་ལ། ཐལ་དྲགས་ནའང་མི་འོས། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འགྲིམ་འགྲུལ་སྟབས་བདེ་པོ་མེད་པས་དམག་དཔུང་ཆེན་པོ་འགུལ་སྐྱོད་བྱེད་པར་སྟབས་མི་བདེ་ཞིང་། དམག་རྒྱགས་མཁོ་འདོན་ཐད་ལའང་དཀའ་ངལ་ཆེ་བ་རེད། མི་རིགས་ཀྱི་གནད་དོན་སྤྱི་དང་། ལྷག་པར་དུ་ཆོས་ལུགས་ཀྱིས་ཚོད་འཛིན་བྱས་ཡོད་པའི་ས་ཁུལ་ཐག་གཅོད་བྱེད་པར་དེ་བས་དུས་ཚོད་དགོས་པ་རེད། དེ་བས་གོམ་པ་བརྟན་པོས་མདུན་དུ་སྐྱོད་དགོས་པ་ལས་ངང་ཐུང་འཚབ་འཚུབ་ངང་སྒྲུབ་མི་རུང་ཞེས་གསུངས་པ་རེད། བཅིངས་འགྲོལ་དམག་འཁྲུག་ལ་བསྟུད་མར་རྒྱལ་ཁ་ཐོབ་པ་དང་ཆབས་ཅིག ཀྲུང་དབྱང་གིས་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་བསམ་གཞིག་དང་འཆར་འགོད་ཀྱང་རིམ་བཞིན་ཁ་གསལ་དང་ཞིབ་ཕྲ་རུ་སོང་བ་རེད།
ཟླ12པར། མའོ་ཙེ་ཏུང་སུའུ་ལེན་དུ་འཚམས་འདྲིར་ཕེབས་ནས་མན་ཇུ་ལི་བརྒྱུད་སྐབས། ཀྲུང་གུང་ཀྲུང་དབྱང་དང་ལྷོ་ནུབ་ཅུས་ལ་འཕྲིན་ཡིག་ཅིག་བྲིས་པ་རེད། སྐབས་དེ་དུས་བྱེས་འཐབ་དམག་སྡེ་གཉིས་པའི་དམག་སྤྱི་ཁང་དམག་འཐབ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས་པའི་ལི་ཅུའེ་ལ་འཕྲིན་ཡིག་འབྱོར་རྗེས། འཕྲལ་མར་དམག་སྤྱི་ལིའུ་པོ་ཁྲེང་དང་ཆབ་སྲིད་ཨུ་ཡོན་ཏེང་ཞའོ་ཕིང་ལ་ཕུལ། འཕྲིན་ཡིག་གི་ནང་དོན་གཙོ་བོ་ནི། རྒྱ་གར་དང་ཨ་རི་གཉིས་ཀས་བོད་ལྗོངས་ལ་རེ་ངན་བཅིངས་འདུག་པས་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུའི་གནད་དོན་ལ་སེམས་ཐག་གཅོད་དགོས། “བོད་ལྗོངས་སུ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད། མཚན་རིང་ན་རྨི་ལམ་མང་ངེས་རེད”ཅེས་པ་དེ་ཡིན།
“བོད་ལྗོངས་སུ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད་པའི ”ཐབས་ཇུས་དེ་ནི་བོད་ལྗོངས་ཀྱི་ལོག་སྤྱོད་མཐོ་རིམ་དང་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་གཉིས་ངན་འབྲེལ་བྱས་ནས་“བོད་རང་བཙན”གྱི་རྦ་རླབས་སློང་རྩིས་བྱེད་པའི་རེ་ངན་ཐལ་བའི་རྡུལ་དུ་བརླགས་པར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། དབྱིན་ཇི་བའི་ངན་སྐུལ་འོག་བོད་ས་གནས་སྲིད་གཞུང་གིས་གོ་མིན་ཏང་སྲིད་གཞུང་ཐོར་ཞིག་ཏུ་འགྲོ་གྲབས་ཡོད་པ་དང་བསྟུན་ནས་རང་བཙན་གྱི་རེ་ངན་འཆང་བཞིན་ཡོད།
ཀྲུང་གོའི་མི་དམངས་ཀྱི་གསར་བརྗེ་འཕེལ་རྒྱས་གཏིང་ཟབ་ཏུ་སོང་བ་དང་བསྟུན་ནས་གོ་མིན་ཏང་གི་སྐམ་ས་ཆེན་པོའི་དབང་སྒྱུར་སྲན་ཕུང་ཐོར་བ་ལྟར་ཐོར་ཞིག་ཏུ་སོང་བ་དང་། བཙན་རྒྱལ་རིང་ལུགས་ཀྱིས་བཙན་རྒྱལ་རིང་ལུགས་ལ་དགའ་ཉེ་དང་བོད་ལྗོངས་ཁ་ཕྲལ་བྱེད་མཁན་གྱི་ལྐོག་གཡོའི་བྱ་སྤྱོད་སྤེལ་གང་ཐུབ་བྱས་ནས་བོད་ལྗོངས་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས་པ་རེད། ཨ་རིས་རང་ངོས་ཀྱི་འཐབ་ཇུས་ལ་དམིགས་ནས་བོད་ལྗོངས་འདི་ཉིད་ཀྲུང་གོ་གསར་པ་དར་རྒྱས་འགྲོ་བར་བཀག་འགོག་བྱེད་པའི་རྟེན་གཞི་ཞིག་ཏུ་གཏོང་རྩིས་བྱས་པ་རེད།
བོད་ལྗོངས་ཀྱི་ཁ་ཕྲལ་ཕྱོགས་གཏོགས་དང་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས་བོད་ལྗོངས་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས་པར་དམིགས་ཏེ། དཔུང་སྐྱོད་བྱེད་པའི་ཐབས་ཇུས་བཏིང་བ་ནི་ཧ་ཅང་མཁས་མཛངས་ལྡན་པ་ཞིག་ཡིན་པ་དང་། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་ནས་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ལྗོངས་ནས་མཐར་སྐྲོད་གཏོང་བར་མི་དམངས་དམག་དཔུང་མེད་ན་མངོན་འགྱུར་བྱེད་ཐབས་བྲལ་བ་ཞིག་རེད།
བོད་ལྗོངས་སུ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད་ཅེས་པ་ནི་རྒྱལ་གཅེས་སྟོབས་ཤུགས་ཀྱིས་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུའི་རེ་བ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ལས་བོད་ལྗོངས་ཀྱི་རྒྱལ་གཅེས་མི་སྣར་སྐུལ་མ་ཆེན་པོ་ཐེབས་ནས་ཁོང་ཚོས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་སྔ་ཙམ་བཅིངས་འགྲོལ་བཏང་སྟེ་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་མཐར་སྐྲོད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་དེར་པཎ་ཆེན་སྐུ་ཕྲེང་བཅུ་པས་ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེར་གློག་འཕྲིན་བཏང་སྟེ་སྙིང་ཐག་པ་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བརྩི་བཀུར་ཞུ་རྒྱུ་དང་མི་དམངས་བཅིངས་འགྲོལ་དམག་གིས་སྔ་ཙམ་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུའི་རེ་བ་བཏོན་གནང་བ་རེད།
རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ནི་མེས་རྒྱལ་ལ་དགའ་ཞེན་དང་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་ཞུ་བཞིན་ཡོད། བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་བསམ་འདུན་ཞིག་རེད། བོད་ལྗོངས་སུ། རྒྱལ་ཁབ་ལ་མི་དགའ་མཁན་ནི་བཙན་རྒྱལ་རིང་ལུགས་ཀྱི་ངན་སྐུལ་འོག་གི་ལོག་སྤྱོད་མཐོ་རིམ་ཉུང་ཤས་ཙམ་རེད། བོད་ལྗོངས་སུ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད་པ་ནི་མི་དམངས་ཀྱི་བསམ་འདུན་དང་བསྟུན་ཡོད།
བོད་ལྗོངས་སུ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད་པ་དེ་ནི་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ལོ་རྒྱུས་ཀྱི་ལས་འགན་རྦད་དེ་ལེགས་སྒྲུབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། བོད་ལྗོངས་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་བོད་ལྗོངས་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁོངས་མི་གལ་ཆེན་ཞིག་རེད། ངེས་པར་དུ་མི་དམངས་དམག་དཔུང་ཞིག་གིས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱིས་ཀྲུང་གོའི་བོད་ལྗོངས་ལ་དབང་སྒྱུར་བྱེད་པ་རྩ་སློག་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པ། བོད་ལྗོངས་ཀྱི་མི་དམངས་བཅིངས་འགྲོལ་བཅས་བྱེད་དགོས།
གཉིས། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་བྱེད་ཕྱོགས་གཏན་འཁེལ་བྱས་པ།
ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་འབོད་སྐུལ་འོག 1949ལོར་ཧུའུ་ནན་དང་། ཉིང་ཞ། ཤིན་ཅང་། ཡུན་ནན། ཤིས་ཁམས་སོགས་ས་ཆར་སྔ་གཞུག་ཏུ་གོ་མིན་ཏང་གི་དམག་སྲིད་དཔོན་རིགས་ཀྱིས་དྲང་བདེན་དར་ཆ་མཐོན་པོར་བསྒྲེངས་ཏེ་འགོག་རྒོལ་བྱེད་མཚམས་བཞག་པས། ཞིང་ཆེན་དེ་དག་ལ་ཞི་བའི་བཅིངས་འགྲོལ་ཐོབ་པ་རེད། དུས་མཚུངས་སུ་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་བསྟུན་ནས་འཛམ་གླིང་གི་ཆབ་སྲིད་དུས་བབ་ལ་འགྱུར་བ་ཧ་ཅང་ཆེན་པོ་བྱུང་ཏེ། བོད་ལྗོངས་ལ་ཡུན་རིང་བཙན་འཛུལ་བྱེད་པའི་བཙན་རྒྱལ་རིང་ལུགས་པ་རྙིང་གྲས་དབྱིན་ཇིས་མགྱོགས་མྱུར་ངང་ཁས་བླངས་པ་དང་། དབྱིན་ཇིས་བོད་ལྗོངས་སུ་མི་སེར་སྤེལ་བའི་ཁེ་ཕན་རྒྱུན་འཛིན་བྱས་པའི་རྒྱ་གར་སྲིད་གཞུང་གིས1950ལོའི་ཟླ4པར་རང་རྒྱལ་དང་ཕྱི་འབྲེལ་བཙུགས། དུས་བབ་དེ་འདྲ་ཞིག་གི་འོག་བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་རྒྱུའི་བརྩོན་ལེན་བྱེད་རྒྱའི་རེ་བ་བྱུང་།
ཀྲུང་དབྱང་གིས་མི་དམངས་བཅིངས་འགྲོལ་དམག་བོད་ལྗོངས་སུ་དཔུང་སྐྱོད་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་ཆབས་ཅིག བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་བརྩོན་ལེན་བྱེད་པའི་བྱེད་ཕྱོགས་གཏན་འཁེལ་བྱས། 1950ལོའི་ཟླ་དང་པོའི་ཚེས18ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ལས་རིགས་ཁག་གི་བོད་རིགས་མི་སྣ་སྐོང་བསྡུ་བྱས་ཏེ་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུའི་གནད་དོན་ཐད་ལ་བཞུགས་མོལ་གནང་བ་རེད། ཀྲུའུ་ཞི་གཞོན་པ་ཀྲུའུ་ཏེས་ཚོགས་འདུའི་ཐོག་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་མི་དམངས་བཅིངས་འགྲོལ་གཏོང་རྒྱུའི་ཆོད་སེམས་བསྐྱར་བསྒྲགས་གནང་ཞིང་། ཁོང་གིས་བོད་ལྗོངས་ཀྱི་གནད་དོན་ནི་ཆབ་སྲིད་ཐོག་ནས་ཐག་གཅོད་བྱས་ན་ལེགས། འུ་ཐུག་ན་མ་གཏོགས་དམག་རྒྱག་གི་མིན་ཞེས་གསུངས་ཡོད། ཟླ2པའི་ཚེས25ཉིན་ཀྲུང་དབྱང་གིས་མཛུབ་སྟོན་གནང་ནས “རང་རེའི་དམག་དཔུང་བོད་ལྗོངས་སུ་བཅའ་སྡོད་བྱེད་པའི་འཆར་གཞི་ནི་བློ་བརྟན་འགྱུར་མེད་ཅིག་ཡིན་མོད། འོན་ཀྱང་བྱ་ཐབས་ཡོད་ཚད་སྤྱད་དེ་ཏཱ་ལའི་རུ་ཚོགས་དང་གྲོས་མོལ་བྱས་ནས་ཏཱ་ལའི་བོད་ལྗོངས་སུ་འདུག་པ་དང་རང་དང་འགྲིག་མཐུན་ཡོང་པར་བྱེད་དགོས” ཞེས་བསྟན་ཡོད།
དུས་མཚུངས་སུ་ཀྲུང་དབྱང་གིས་ལྷོ་ནུབ་ཅུས་ལ་མཛུབ་སྟོན་གནང་ནས “བླ་ཆེན་ཀྲི་ཆིང་བོད་ལྗོངས་སུ་མངགས་ནས་ཏཱ་ལའི་རུ་ཚོགས་ཨ་རི་དང་དབྱིན་ཇི་བཙན་རྒྱལ་རིང་ལུགས་ལས་བྲལ་ནས་མེས་རྒྱལ་དུ་ལོག་པ་དང་། ཏཱ་ལའི་རང་ཉིད་དམ་ཡང་ན་སྐུ་ཚབ་གཞན་དག་པེ་ཅིང་དུ་ཡོང་ནས་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་གྲོས་མོལ་བྱེད་པའམ་ཡང་ན་དཔུང་སྐྱོད་བྱེད་རིང་རང་རེའི་གཡུལ་སའི་དམག་སྤྱི་ཁང་དང་གྲོས་མོལ་བྱེད་དགོས་པའི་གོ་བསྐོན་བློ་འགུགས་བྱེད་པར་འགྲོ་རྒྱུའི”མོས་མཐུན་བྱས། བླ་ཆེན་ཀྲི་ཆིང་དང་བཅས་པ་འབྲི་ཆུའི་ཤར་ངོགས་སུ་བོད་དམག་གིས་བཀག ཟླ5པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་གཅེན་པོ་སྟག་མཚེར་སྤྲུལ་སྐུས་ཚོགས་གཙོ་བྱས་པའི་ཞི་འདུམ་ཚོགས་པ་མངགས་ཀྱང་། ནག་ཆུ་ནས་བོད་ལྗོངས་ས་གནས་ཀྱི་དབང་འཛིན་ལས་ཁུངས་ཀྱིས་བཀག་ཉར་བྱས། དེ་རྗེས་དགེ་རྟག་སྤྲུལ་སྐུ་བོད་ལྗོངས་སུ་ཞི་འདུམ་གནང་བར་ཕེབས་ཤིང་། ཟླ7པའི་ཚེས24ཉིན་ཆབ་མདོར་འབྱོར་ནས་བཀག་ཉར་བྱས་པ་མ་ཟད། ཟླ8པའི་ཚེས22ཉིན་བཀྲོངས།
ཟླ5པའི་ཚེས27ཉིན། ལྷོ་ནུབ་ཅུས་ཀྱིས་ཀྲུང་དབྱང་གི་མཛུབ་དོན་གཞིར་བཟུང་། ཏེང་ཞའོ་ཕིང་སྐུ་ངོ་མས་འཆར་ཟིན་བཀོད་དེ། བོད་ས་གནས་སྲིད་གཞུང་དང་ཞི་བའི་གྲོས་མོལ་བྱེད་པའི་ཆ་རྐྱེན་བཅུ་བཏོན།
ལོ་རྒྱུས་རང་བཞིན་གྱི་ཡིག་ཆ་དེ་ལྷོ་ནུབ་ཅུས་ཀྱིས་ཀྲུང་དབྱང་དུ་སྙན་སེང་ཞུས་རྗེས་འཕྲལ་མར་ཏང་ཀྲུང་དབྱང་དང་མའོ་ཙེ་ཏུང་གི་ཁས་ལེན་གང་ལེགས་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། སྲིད་ཇུས་དོན་ཚན་བཅུ་རྣམ་པ་མི་འདྲ་བའི་ཐོག་ནས་བོད་ལྗོངས་སུ་བརྒྱུད་བསྒྲགས་བྱས་པས་རྒྱ་ཆེའི་བོད་རིགས་མི་དམངས་མང་ཚོགས་དང་རྒྱལ་གཅེས་མཐོ་རིམ་མི་སྣའི་བརྩི་བཀུར་ཐོབ་ཡོད།
གསུམ། ཆབ་མདོའི་གཡུལ་འགྱེད་བྱས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བའི་སྒོ་མོ་ཕྱེ་བ།
ཟླ10པའི་ཚེས6ཉིན་ཆབ་མདོའི་གཡུལ་འགྱེད་ཀྱི་མགོ་བརྩམས་ཤིང་། ཚེས24ཉིན་རྒྱལ་ཁའི་ངང་མཇུག་སྒྲིལ། ཆབ་མདོའི་གཡུལ་འགྱེད་ནང་བོད་ལྗོངས་ས་གནས་དབང་འཛིན་ལས་ཁུངས་ཀྱིས་ཆབ་མདོ་དང་འབྲི་ཆུའི་རྒྱུད་དུ་བཀོད་སྒྲིག་བྱས་པའི་གཙོ་ཤུགས་གཏོར་ཕམ་དུ་བཏང་བ་དང་། བཙན་རྒྱལ་རིང་ལུགས་དང་བོད་ལྗོངས་ས་གནས་ཀྱི་ལོག་སྤྱོད་མཐོ་རིམ་མི་སྣས་དྲག་ཤུགས་ལ་བརྟེན་ནས་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལྗོངས་བཅིངས་འགྲོལ་གཏོང་བར་ཡོང་རྒྱུར་བཀག་འགོག་བྱེད་པའི་བསམ་འདུན་ཐལ་བའི་རྡུལ་དུ་བརླགས་ཤིང་། བོད་ལྗོངས་ཀྱི་རྒྱལ་གཅེས་སྟོབས་ཤུགས་ལ་སྐུལ་ལྕག་ཐེབས་པ་དང་ངན་རེངས་པའི་རྣམ་འགྱུར་ལ་གཡོ་འགུལ་ཐེབས་ནས་ནང་དཀྲུག་བྱུང་། མཐར་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བའི་སྒོ་མོ་འབྱེད་ཐུབ་པ་བྱུང་ཡོད།
ཆབ་མདོའི་གཡུལ་འགྱེད་ཚར་རྗེས། བོད་ལྗོངས་ཀྱི་ལོག་སྤྱོད་མཐོ་རིམ་དམག་དོན་དང་ཆབ་སྲིད་ཐོག་ནས་ཕམ་ཉེས་བྱུང་བ་དང་། བཙན་རྒྱལ་རིང་ལུགས་ལ་དགའ་ཉེ་བྱེད་མཁན་སྲིད་ཚབ་སྟག་བྲག་ལ་སྐྱོན་བརྗོད་བྱས་པ་དང་ཁོ་པ་སྲིད་ཁྲི་ནས་འབབ་རྒྱུའི་རེ་བ་འདོན་མཁན་ཡང་བྱུང་ཡོད། ཟླ10པའི་ཚེས25ཉིན་ནས་བཟུང་བོད་ལྗོངས་ས་གནས་སྲིད་གཞུང་གིས་དཔོན་རིགས་ཀྱི་ཚོགས་འདུ་བསྟུད་མར་སྐོང་ཚོགས་བྱས་ཏེ་ངན་རེངས་པས“གུང་ཁྲན་ཏང་དང་དམར་འཛིང་མཐར་ཕྱིན་བྱེད་དགོས”པའི་འདོད་ཚུལ་བཟུང་བ་དང་། གཞན་ཡང་མི་ཁག་གཅིག་དང་དགོན་སྡེ་ཆེན་པོ་གསུམ་གྱི་མཁན་པོས་ཞི་གྲོས་ནི་ཐབས་མཆོག་རེད་ཅེས་བཏོན་ཏེ་ཚོགས་འདུའི་ཐོག་རྩོད་པ་དང་སྐྱོན་འཛུགས་ཟམ་མི་ཆད་པར་བྱས་པ་རེད། མིས་ཐག་གཅོད་མི་ཐུབ་པའི་གནད་དོན་རྣམས་མཐར་ལྷ་ལུང་ཞུ་བ་དང་མོ་རྩིས་བརྒྱབ་ནས་ཐག་གཅོད་རྒྱུ་ལས་མ་འདས། ལྷ་ལུང་ཞུས་པའི་འབྲས་བུ་ནི་སྲིད་ཚབ་སྟག་བྲག་གོ་གནས་ལས་དགོངས་པ་ཞུས་ཏེ་ལོ་བཅུ་བདུན་ལ་སླེབས་པའི་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་སྔ་སྣུར་དུ་སྲིད་ཀྱི་འགན་བཞེས་དགོས་ཞེས་པ་དེ་རེད། སྟག་བྲག་སྲིད་ཁྲི་ནས་བབས་པ་དེ་ནི་བཙན་རྒྱལ་རིང་ལུགས་ལ་དགའ་ཉེ་བྱེད་མཁན་གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་རྡུང་རྡེག་ཆེན་པོ་བཏང་བ་ཞིག་ཡིན་ལ། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཡང་ཐེབས་ཡོད་མོད། འོན་ཀྱང་བོད་ལྗོངས་ས་གནས་སྲིད་གཞུང་གི་དངོས་ཡོད་དབང་ཆ་སྔར་བཞིན་མཐོ་རིམ་གྱི་སྟོབས་ཤུགས་དངོས་འཛིན་མཁན་གྲས་ཀྱི་ལག་ཏུ་བཟུང་ཡོད། ཟླ12པའི་ཚེས19ཉིན། བོད་ས་གནས་སྲིད་གཞུང་གིས་ཡང་བསྐྱར་དཔོན་རིགས་ཀྱི་ཚོགས་ཆེན་སྐོང་ཚོགས་བྱས་ཏེ་བཀའ་ཤག་གཉིས་སུ་དབྱེ་སྟེ་ལྷ་སའི་གཞིས་སྲུང་བཀའ་ཤག་འཛུགས་རྒྱུ་དང་། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་དཔོན་རིགས་གཙོ་བོ30ལྷག་ཙམ་ཁྲིད་དེ་ཉིན་དེ་རང་ལ་ལྷ་ས་ནས་བྲལ་ཏེ་གྲོ་མོ་རུ་བཀའ་ཤག་བཙུགས་ལ། གོ་སྐབས་བཙལ་ཏེ་རྒྱ་གར་དུ་བྲོས་རྒྱུའི་ཐག་བཅད།
1951ལོའི་ཟླ་དང་པོའི་ཚེས2ཉིན། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་བཅས་པ་གྲོ་མོར་འབྱོར། ཟླ་དང་པོའི་ཚེས11ཉིན་ཞྭ་སྒབ་པ་སོགས་ཀྱིས་དཔོན་རིགས་ཀྱི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་གནས་ཚུལ་སྙན་སེང་དང་དུས་བབ་ལ་གྲོས་བསྡུར་བྱས། ཞྭ་སྒབ་པ་སོགས་ཀྱི་སྙན་ཞུ་ཉན་རྗེས་ཚོགས་འདུའི་ཐོག“བོད་རང་བཙན་བྱེད་པར”རེ་བ་མི་འདུག་ལ་འགོག་རྒོལ་བྱས་ཚེ་ཕམ་ཉེས་ཆེན་པོ་ཕོག་སྲིད་པས་འཐུས་མི་མངགས་ནས་པེ་ཅིང་དུ་གྲོས་མོལ་བྱ་རྒྱུའི་ཐག་བཅད་པ་རེད། ཟླ4པའི་ཚེས29ཉིན་ནས་ཟླ5པའི་ཚེས21ཉིན་བར་ཕྱོགས་གཉིས་པོའི་སྐུ་ཚབ་ཀྱིས་ངང་རྒྱུད་རིང་ལ་མཛའ་གྲོགས་ལྡན་པའི་ངང་གྲོས་མོལ་གང་ལེགས་བྱས་པ་བརྒྱུད《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་གྲོས་འཆམ་བྱུང་བ་དང་། ཟླ5པའི་ཚེས23ཉིན་གྲོས་མཐུན་ལ་མིང་རྟགས་བཀོད། ཚེས24ཉིན། མའོ་ཙེ་ཏུང་གིས་ཀྲུང་ནན་ཧའེ་ཧོའེ་རེན་ཐང་དུ་བོད་ལྗོངས་ཀྱི་ཞི་གྲོས་སྐུ་ཚབ་ལ་མཇལ་འཕྲད་གནང་བ་དང་། དེ་ཉིན་དགོང་མོར་གསོལ་སྟོན་བཤམས་ནས་གྲོས་མཐུན་ལ་མིང་རྟགས་བཀོད་པར་རྟེན་འབྲེལ་ཞུས། ཟླ5པའི་ཚེས28ཉིན། པཎ་ཆེན་ཨེར་ཏེ་ནི་དང་པཎ་ཆེན་ནང་མ་སྒང་གི་མི་སྣ་ཡོངས་ཀྱིས་གསལ་བསྒྲགས་སྤེལ་ནས་གྲོས་མཐུན་ལ་བརྩི་བཀུར་ཞུས། ཚེས30ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པར་གློག་འཕྲིན་བཏང་སྟེ་ལྷག་བསམ་རྣམ་དག་ངང་མཐུན་སྒྲིལ་བྱས་ནས་གྲོས་མཐུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་གྲོས་བྱེད་རིང་བོད་ལྗོངས་ཀྱི་སྐུ་ཚབ་ཚོགས་པས་ཐོག་མཐའ་བར་གསུམ་དུ་གྲོ་མོར་ཡོད་པའི་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་བཀའ་ཤག་གི་དཔོན་རིགས་ལ་གློག་འཕྲིན་བཏང་ནས་འབྲེལ་བ་བྱས་པས་གནད་དོན་གལ་ཆེན་ཐད་རྣམ་འགྱུར་འཛིན་སྟངས་ལ་མོས་མཐུན་བྱུང་ཡོད། ཚེས31ཉིན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་སླར་ཡང་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་བཀའ་ཤག་ལ་གློག་འཕྲིན་བཏང་ནས་ཞི་གྲོས་ཀྱི་བརྒྱུད་རིམ་དང་གྲོས་མོལ་གྱི་ནང་དོན་སྙན་སེང་ཞུས། འོན་ཀྱང་གྲོ་མོའི་བཀའ་ཤག་གིས་གྲོས་མཐུན་གྱི་མ་ཡིག་མ་མཐོང་གོང་གྲོས་མཐུན་ལ་བསམ་འཆར་འདོན་གྱི་མིན་ཞེས་བཤད་པ་རེད།
གྲོས་མཐུན་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད་མའོ་ཙེ་ཏུང་གིས་ཀྲང་ཅིང་ཝུའུ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ལ་བསྐོས་ནས་ཤང་ཀང་དང་རྒྱ་གར་བརྒྱུད་གྲོ་མོར་བསྐྱོད་དེ་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་ལྷ་སར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པར་མངགས། ཀྲང་ཅིང་ཝུའུ་ཡིས་མའོ་ཙེ་ཏུང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པར་བྲིས་པའི་ཕྱག་ཡིག་ཕྱག་བསྟར་མ་ཁྱེར་ནས་ཟླ7པའི་ཚེས14ཉིན་གྲོ་མོར་འབྱོར་ཞིང་། ཉིན་གཉིས་པར་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་ཐུག་འཕྲད་བྱས་ནས་མའོ་ཙེ་ཏུང་གི་ཕྱག་ཡིག་དང་གྲོས་མཐུན་གྱི་ངོ་བཤུས་སྤྲད། མའོ་ཙེ་ཏུང་གིས་ཕྱག་ཡིག་ནང“ཁྱེད་དང་ཁྱེད་ཀྱིས་འགོ་ཁྲིད་པའི་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལག་བསྟར་ནན་ཏན་བྱས་ཏེ་མི་དམངས་བཅིངས་འགྲོལ་དམག་བོད་ལྗོངས་སུ་ཞི་བའི་སྒོ་ནས་བསྐྱོད་རྒྱུར་རོགས་རམ་གང་ཐུབ་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་ཡོད། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་མའོ་ཀྲུའུ་ཞིའི་སྐུ་གཟུགས་གསལ་ཐང་ཡོད་མེད་འཚམས་འདྲི་ཞུས་པ་དང་ལམ་སེང་ལྷ་སར་ལོག་གི་ཡིན་ཞེས་བཤད་པ་རེད། 1951ལོའི་ཟླ10པའི་ཚེས24ཉིན། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་མའོ་ཀྲུའུ་ཞིར་གློག་འཕྲིན་བཏང་ནས་གྲོས་མཐུན་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
བཞི། གྲོས་མཐུན་གྱིས་བོད་ལྗོངས་འདི་ཉིད་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་འཁྲིད་པ།
བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་ནི་མའོ་ཙེ་ཏུང་གི་དགོངས་པས་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་གསོན་ཉམས་དོད་པའི་ལག་ལེན་དང་ཞིབ་ཕྲའི་བཀོལ་སྤྱོད་ཅིག་ཡིན་པས། བོད་ལྗོངས་ལ་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད།
གྲོས་མཐུན་གྱི་གཏན་འབེབས་ལྟར། བོད་ལྗོངས་སུ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་སྟེ། བོད་ལྗོངས་སུ་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་མཐར་སྐྲོད་བཏང་ནས་སྤྱི་ཚོགས་སྒྱུར་བཅོས་བྱེད་དགོས། ལས་འགན་དེ་དག་སྒྲུབ་པར་ཞི་བདེའི་བྱེད་ཐབས་ལ་བརྟེན་དགོས། གཅིག་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདག་དབང་སྲུང་སྐྱོང་བྱས་ནས་རྒྱལ་སྲུང་སྲ་བརྟན་དུ་གཏོང་དགོས། གཉིས་ནི་བོད་ལྗོངས་ཀྱི་མི་དམངས་རྣམས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས་བཅིངས་འགྲོལ་གཏོང་དགོས་པ་དེ་ཡིན། དུས་མཚུངས་གྲོས་མཐུན་ནང་ད་དུང་དོན་ཆེན་གཞན་དག་ཁག་གཅིག་གཏན་འབེབས་བྱས་ཡོད་ཅིང་། ཞིབ་ཕྲ་ནི། བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་དང་། ཆོས་དད་རང་མོས། འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ། བོད་ལྗོངས་ནང་ཁུལ་གྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།
གྲོས་མཐུན་གྱིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་གིས་བོད་ལྗོངས་སུ་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་བའི་ཐད་རྩ་བའི་སྒྲོམ་གཞི་གཏན་འཁེལ་བྱས་ཡོད་པས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལས་ལུས་པའི་གནད་དོན་ཐག་གཅོད་དང་སྤྱི་ཚོགས་འཕོ་འགྱུར་ཡོང་བར་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། བོད་ལྗོངས་ཀྱི་མཐོ་རིམ་རུ་ཚོགས་ལ་ལྟ་སྟངས་ཇི་ལྟར་འཛིན་པ་དང་། ཆོས་ལུགས་ལ་ལྟ་སྟངས་ཇི་ལྟར་འཛིན་པ། བོད་ལྗོངས་ཀྱི་རྗེས་ལུས་ཀྱི་རྣམ་པ་དང་དབུལ་ཕོངས་ཀྱི་དམངས་གཙོའི་གནད་དོན་ལ་འགྱུར་ལྡོག་ཇི་ལྟར་གཏོང་བ་བཅས་ཀྱི་ཐད་སྲིད་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྷག་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དེས་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྒྱུར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད། བོད་ལྗོངས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་བཅས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། ཆོས་དད་རང་མོས་ལག་ལེན་བསྟར་བ། འཐབ་ཕྱོགས་གཅིག་གྱུར་འཛུགས་པ། མི་རིགས་ས་ཁོངས་རང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་བཅས་བྱུང་ནས་ཏང་གིས་བོད་ལྗོངས་ལ་འཛིན་པའི་སྲིད་ཇུས་དོན་དངོས་དང་མཐུན་པ་མ་ཟད། སྤྱོད་དྲང་གི་མཐོ་སའང་བཟུང་བས་གཟིགས་རྒྱང་རིང་པོ་རེད་ཅེས་བརྗོད་ཆོག སུས་གྲོས་མཐུན་ལག་ལེན་མ་བསྟར་ན་དེ་ནི་ལོ་རྒྱུས་ཀྱི་ཉེས་ཅན་རེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་ཐོག་ནས་བློ་མཐུན་མའོ་ཙེ་ཏུང་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བའི་སྤྱི་ཁྱབ་ཇུས་འགོད་པ་ཞིག་ཡིན་པ་མ་ཟད། བོད་ལྗོངས་འདི་ཉིད་འོད་ཟེར་ཕྱོགས་སུ་འཁྲིད་མཁན་གྱི་ཇུས་འགོད་པ་ཞིག་ཀྱང་ཡིན་པས། ཁོང་གི་ལོ་རྒྱུས་མཛད་རྗེས་དེ་དག་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ལ། བོད་ལྗོངས་མི་དམངས་ཀྱི་སེམས་སུ་བརྟན་པོར་ངེས་ཡོད་པ་ར་སྤྲོད་གང་ལེགས་བྱུང་ཡོད།