ཉེ་ཆར། ཀྲེ་ཅང་སློབ་ཆེན་གྱི་སྨན་ཁང་གཉིས་པའི་སྨན་པས་བོད་ལྗོངས་ནས་ཧང་ཀྲོའུ་རུ་བྱིས་པའི་མཆིན་པ་སྤོ་འཛུགས་བྱེད་པར་ཡོང་བའི་ཁྱིམ་ཚང་ཞིག་ལ་སྐད་སྒྱུར་དང་བླངས་པ་འཚོལ་བའི་བརྡ་འཕྲིན་ཞིག་ལས་ཧང་ཀྲོའུ་བ་མང་པོར་སེམས་འགུལ་ཐེབས་ཏེ་དྲ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་བརྒྱུད་བསྐུར་བྱེད་རོགས་བྱས་ཡོད།
དྲ་ཚོགས་ཚོས་བརྒྱུད་བསྐུར་བརྡ་འཕྲིན་གྱི་བཅད་རིས།
སྨན་པ་ཞིག་གིས་གྲོགས་ཚོམས་ཐོག་བཏང་བའི་ཆ་འཕྲིན་ཞིག
ནད་ཕོག་པའི་བྱིས་པའི་མིང་ལ་བདེ་ལེགས(མིང་ཚབ)ཟེར་ཞིང་། ད་ལོ་ཟླ་བ་བཅུ་ལས་སླེབས་མེད་པའི་ཁོང་ལ་ལྷན་སྐྱེས་རང་བཞིན་གྱི་མཁྲིས་ལམ་ཁ་ཟུམ་པ་དང་མཆིན་པའི་ནུས་པ་ཉམས་པའི་ནད་བརྟག་གཏན་འཁེལ་བྱུང་བས། འཕྲལ་དུ་མཆིན་པ་སྤོར་འཛུགས་གཤགས་བཅོས་བྱེད་དགོས་ཀྱི་ཡོད།
ཟླ1པའི་ཚེས18ཉིན། བདེ་ལེགས་ཀྱི་ཨ་མ་སྒྲོལ་མ(མིང་ཚབ)དང་རྒྱ་སྐད་ཤེས་པའི་ཨ་ཁུས་ཁོ་པ་ཁྲིད་དེ་གནམ་གྲུར་ཆུ་ཚོད10ལྷག་ཙམ་བསྡད་ནས་བོད་ལྗོངས་ཆབ་མདོ་ནས་ཀྲེ་ཅང་ཧང་ཀྲོའུ་རུ་སྨན་པ་བསྟེན་པར་སླེབས་ཡོད།
མཆིན་པ་སྤོ་འཛུགས་ཚོགས་པའི་སྨན་པ་ཁྲེན་ཞའོ་ཆོན་གྱིས། དུས་གོང་ནང་མི་དང་འབྲེལ་གཏུག་བྱེད་སྐབས་གྲོགས་པོ་ཆུང་ཆུང་གི་ཕ་མ་གཉིས་ཀྱིས་རྒྱ་སྐད་ཡག་པོ་ཤོད་མི་ཤེས་པས་སྨན་པ་དང་འབྲེལ་གཏུག་བྱེད་སྐབས་དཀའ་ལས་ཅུང་ཁག་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། རྗེས་སུ་ད་དུང་འབྲེལ་གཏུག་ཐད་དཀའ་ངལ་འཕྲད་སྲིད་པར་བསམ་གཞིགས་བྱས་ནས། དང་བླངས་པ་བསྡུ་རྒྱུའི་བརྡ་འཕྲིན་ཞིག་བརྒྱུད་བསྐུར་བྱས་ཏེ་ཧང་ཀྲོའུ་ནས་སྐད་སྒྱུར་དང་བླངས་པ་འཚོལ་རོགས་ཀྱིས་མཉམ་དུ་ཁོང་ཚོར་རོགས་རམ་བྱ་རྒྱུའི་རེ་བ་བྱས་ཡོད།
དྲ་གྲོགས་ཚོས་བརྒྱུད་བསྐུར་བྱས་པའི་བརྡ་འཕྲིན་གྱི་བཅད་རིས།
རྒྱུས་མངའ་མེད་པའི་མིའི་ཁ་པར500ལྷག་ཙམ་འབྱོར་བ།
བརྡ་འཕྲིན་བསྐུར་ནས་སྐར་མ་གཅིག་ཙམ་སོང་རྗེས་ཁྲེན་ཞའོ་ཆོན་ལ་ཁ་པར་མང་པོ་ཞིག་འབྱོར་ཡོད། ཁ་པར་རྒྱག་མཁན་ཁྲོད་ཧང་ཀྲོའུ་རུ་ཡོད་པའི་བོད་རིགས་དགེ་རྒན་དང་། སློབ་ཆེན་སློབ་མ་ཡོད་ལ། ད་དུང་ས་ཆ་གཞན་གྱི་ཡུལ་སྐོར་སྣེ་ཤན་པ་དང་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སོགས་རྒྱལ་ཡོངས་ས་གནས་ཁག་དང་ལས་རིགས་ཁག་གི་སེམས་བཟང་བ་མང་པོ་ཡོད་ལ་ཚང་མས་ཁོང་ཚོར་རོགས་རམ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཁོང་གི་ལག་ཁྱེར་ཁ་པར་གྱི་གླེང་མོལ་ཟིན་ཐོ་ཁ་ཕྱེ་སྐབས། ཨང་གྲངས་བཅུ་གྲངས་བསྟུད་མར་རྒྱུས་མངའ་མེད་པའི་མིའི་ཁ་པར་རེད་ལ། ཞག་གཅིག་རང་ལ་ཁོང་ལ་ཁྱོན་ཁ་པར500ལྷག་ཙམ་འབྱོར་ཡོད། མཐར་ཧང་ཀྲོའུ་རུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་གྲྭ་ཆེན་མོ་བའི་ཚོགས་པ་ཞིག་གིས་བུ་བདེ་ལེགས་ཀྱི་ནང་མིར་རོགས་པ་བྱེད་འདོད་ཡོད་ལུགས་བརྗོད་པ་དང་འབྲེལ། སྐད་སྒྱུར་བྱེད་མཁན་ཡན་ལག་རུ་ཁག་བཙུགས་ཟིན་པས། བུ་བདེ་ལེགས་ཧང་ཀྲོའུ་རུ་སྨན་བཅོས་བྱེད་པའི་ཟླ་བ་ཁ་ཤས་རིང་། ཁོང་ཚོ་ཚང་མས་དུས་ཐོག་ཏུ་དྲ་ཐོག་ནས་ཞབས་འདེགས་ཞུ་ཐུབ་ལུགས་ཀྱང་བརྗོད། གཞན་ཡང་སྨན་ཁང་ལ་ད་དུང་བོད་སྐད་དང་གསོ་རིག་སྐོར་གྱི་ཐ་སྙད་ཚང་མ་ཁོང་དུ་ཅུང་ལེགས་པོ་ཆུད་པའི་སྨན་པ་ཞིག་རྙེད་ཡོད་པས། གྲོགས་པོ་ཆུང་ཆུང་གཤགས་བཅོས་གལ་ཆེན་བྱེད་པ་སོགས་ཀྱི་སྐབས་རོགས་རམ་བྱེད་ཐུབ་ཀྱི་ཡོད།
གནམ་གྲུ་ལས་བབས་མ་ཐག་སྨན་པ་ཚོས་ང་ཚོ་སྒུག་ཡོད་པ་མཐོང་བྱུང་།
མཁྲིས་ལམ་ཁ་ཟུམ་པ་དང་མཆིན་པ་སྤོ་འཛུགས་སོགས་ཀྱི་ཐ་སྙད་དག་སྒྲོལ་མ་དང་ཁོང་གི་ནང་མི་ཚོས་གོ་ཐེངས་དང་པོ་ཡིན་པས། ཐ་སྙད་དེ་དག་ལས་ནང་མི་ཚང་མ་སེམས་སྡུག་གི་གནས་སུ་གྱར་ཡོད། སྟབས་ལེགས་པ་ཞིག་ལ་བདེ་ལེགས་ཀྱི་ཨ་མ་སྒྲོལ་མས་མཆིན་པ་སྤོ་འཛུགས་བྱེད་མྱོང་བའི་ཕྲུ་གུ་ཞིག་གི་ཨ་མ་ངོ་ཤེས་པ་མ་ཟད། གཤགས་བཅོས་བྱས་རྗེས་དྲག་སྐྱེས་ཡག་པོ་བྱུང་བ་གོ་ཐོས་བྱུང་ཡོད། སྒྲོལ་མས“སེམས་རྩ་འཁོལ་བའི་ཨ་མ་དེས་ང་ད་དུང་ནད་རོགས་ཀྱི་ཚོགས་པ་ཞིག་ཏུ་བཅུག་བྱུང་། ཚོགས་པའི་ནང་ཡོད་པ་ཚང་མ་མཆིན་པ་སྤོ་འཛུགས་བྱེད་མྱོང་བའི་བྱིས་པ་ཚོའི་ཁྱིམ་བདག་རེད་ལ། ད་དུང་ཀྲེ་ཅང་སློབ་ཆེན་གྱི་སྨན་ཁང་གཉིས་པའི་སྨན་པའང་འདུག”ཅེས་བཤད།
2024ལོའི་ཟླ1པའི་ཚེས18ཉིན། བདེ་ལེགས་དང་ཁོང་གི་ནང་མི་ཚོ་ཧང་ཀྲོའུ་རུ་གཤགས་བཅོས་བྱེད་པར་ཐོན་ཡོད་ལ། ཁོང་ཚོ་བསྡད་པའི་གནམ་གྲུ་སར་མ་བབས་གོང་ནས་མྱུར་སྐྱོབ་རླངས་འཁོར་གྱིས་ཧང་ཀྲོའུ་ཞའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་སྒུག་ནས་བསྡད་ཡོད།
སྒྲོལ་མས“ང་སྔོན་ཆད་ཐག་རིང་པོ་འདི་འདྲར་འགྲོ་མྱོང་མེད་ལ། ཧང་ཀྲོའུ་ཡི་མི་དང་ས་ཆར་ཡང་རྒྱུས་མངའ་སྤུ་ཙམ་མེད་པས། དང་ཐོག་སེམས་ཁྲལ་ཆེན་པོ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་གནམ་གྲུ་ནས་བབས་མ་ཐག་གོས་དཀར་སྨན་པ་མང་པོ་ཞིག་ཐོན་སྒོའི་སར་ང་ཚོ་སྒུག་ནས་བསྡད་ཡོད་པ་མཐོང་བྱུང་བས། སྐབས་དེར་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་”ཞེས་བཤད།
ཚེས18ཉིན་གྱི་དགོང་མོ་སྨན་ཁང་དུ་འབྱོར་རྗེས། བརྟག་དཔྱད་ཆ་ཚང་བྱས་པ་བརྒྱུད་བདེ་ལེགས་ཀྱི་ནད་གཞི་ཚབས་ལྕི་པོ་ཡོད་ལ། སྨན་དོན་ཚོགས་པས་མཆིན་པ་དང་མཁལ་མ་སོགས་དབང་པོ་གལ་ཆེན་གྱི་ནུས་པར་དཔྱད་དཔོག་བྱས་ནས། ནང་ཁྲོལ་དབང་པོ་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག ཟུངས་ཁྲག་ཞན་པ་དང་སྤྲི་དཀར་ཉུང་བ་དག་སྨན་བཅོས་བྱས་ཏེ་མཆིན་པ་སྤོ་འཛུགས་བྱེད་པའི་ཐད་གྲ་སྒྲིག་གང་ལེགས་བྱས་ཡོད།
བདེ་ལེགས་ལ་མཆིན་པ་གསར་པ་བརྗེས་ནས་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ།
ཟླ1པའི་ཚེས22ཉིན། ཧང་ཀྲོའུ་གྲོང་ཁྱེར་དུ2024ལོའི་ཁ་བ་ཐོག་མ་དེ་བབས་ཡོད་ལ། བདེ་ལེགས་ཀྱིས་ཀྱང་རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་འགྱུར་བའི་ཉིན་མོ་བསུས་ཡོད། ཉིན་དེའི་ཕྱི་དྲོར། བདེ་ལེགས་ལ་མཆིན་པ་སྤོ་འཛུགས་ཀྱི་གཤགས་བཅོས་བྱས།
ནད་པ་ལོ་ན་ཆུང་ལ་འཚར་སྐྱེས་ཅུང་འགོར་བ་དང་། དབང་པོ་དང་ཁྲག་རྩ་རྒྱུན་ལྡན་དང་བསྡུར་ན་ཅུང་ཆུང་ལ་ཕྲ་བས་གཤགས་བཅོས་ཀྱི་དཀའ་ངལ་ཇེ་ཆེར་སོང་ཡོད།
དུས་ཡུན་ཆུ་ཚོད་དྲུག་གི་གཤགས་བཅོས་བྱས་པ་བརྒྱུད། ཆུ་ཚོད19དང་སྐར་མ45ཡི་ཐོག་གཞི་ནས་གཤགས་བཅོས་བདེ་བླག་ངང་ལེགས་སྒྲུབ་བྱུང་སྟེ་བདེ་ལེགས་ལ་མཆིན་པ་གསར་པ་བརྗེས་ནས་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད།
གཤམ་གྱི་དུས་ཚོད་ནང་མཆིན་པ་སྤོ་འཛུགས་ཚོགས་པ་དང་། ཕྱོགས་བསྡུསICUཚོགས་པ། བྱིས་པའི་ཚན་ཁག ནད་གཡོག་ཚོགས་པ་སོགས་ཀྱིས་མཉམ་དུ་བདེ་ལེགས་ལ་ལྟ་སྐྱོང་བྱས་ནས། གཤགས་བཅོས་རྗེས་སྨན་བཅོས་ཀྱི་དཀའ་གནད་སྒྲོལ་རོགས་བྱ་རྒྱུ་རེད།
བདེ་ལེགས་དང་ཁོང་གི་ནང་མི་ཚོས་རྒྱུས་མངའ་མེད་པའི་གྲོང་ཁྱེར་དུ་སྨན་བཅོས་བྱེད་པར་ཡོང་བའི་གཏམ་རྒྱུད་ལས། དྲ་གྲོགས་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཤིང་། དྲ་གྲོགས་ཚོས་ཁོང་ཚོའི་ཚོར་བ་ནི་དགུན་དུས་ཀྱི་གྲང་ངར་མིན་པར། གྲོང་ཁྱེར་ཡོངས་ཀྱི་དྲོ་སྐྱིད་དེ་རེད་ཅེས་བརྗོད་ཀྱི་ཡོད།
ནད་བཅོས་སྲོག་སྐྱོབ་ཀྱི་ལས་ལ་མཁས་ཤིང་བྱམས་སེམས་ཆེ་བའི་སྨན་དོན་མི་སྣ་ཚོ་དང་། རྒྱལ་ཡོངས་ས་གནས་ཁག་གི་གཅེས་སེམས་མི་སྣ་ཚོར་མོས་བསྟོད་བྱ་རྒྱུ་ཡིན་ལ། བུ་བདེ་ལེགས་ཀྱང་མྱུར་དུ་དྲག་སྐྱེས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
རྩོམ་སྒྲིག་པ། དཔལ་གཡང་།