ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2023ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས།

སྤེལ་དུས 2024-06-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
(2024ལོའི་ཟླ་6ཚེས་24ཉིན)
  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགག་རྩ་ནི་ཚན་རྩལ་དེང་རབས་ཅན་ལ་ཐུག་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩ་ནི་ཚན་རྩལ་རང་ཚུགས་རང་དར་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཡོངས་ཀྱི་མཉམ་རུབ་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་གང་མགྱོགས་སྐུལ་འདེད་གཏོང་བ་བཅས་བྱས་པས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་ཡོད། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་ཚན་རྩལ་གསར་གཏོད་ནང་ནུས་ཤུགས་ཡོད་རྒུས་ཞུགས་པས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།
  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་དང་། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་ཆེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་ཚན་རིག་ལག་རྩལ་ཡར་ཐོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་བྱས་རྗེས་མངོན་གསལ་དོད་པོ་བཞག་པའི་ཚན་རྩལ་མི་སྣ་དང་རྩ་འཛུགས་ལ་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།
  《རྒྱལ་ཁབ་ཀྱི་བྱས་རྗེས་ཀྱི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་སྤྲོད་པའི་སྲོལ་ཡིག》དང《རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་པའི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་དང་ཚན་རྩལ་པུས་ཞིབ་དཔྱད་བྱས་པ་བརྒྱུད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཚན་རྟགས་འགོད་གནང་རྒྱུའི་སྙན་སེང་ཞུས་རྗེས་ཡོན་ཧྲི་ལི་ཏེ་རེན་དང་ཤུའེ་ཆི་ཁུན་ལ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་སྤྲད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། “ཐོའོ་ཕུའུ་གློག་རྡུལ་དཔྱད་གཞི་རྩིས་རྒྱག་སྔོན་དཔག”ལ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་ཨང་དང་པོ་སྤྲད་པ། “རྩ་གསུམ་རྒྱུག་དབྱིབས་ཀྱི་ཚད་ཡོད་བསྐྱར་རྩེག”སོགས་ཚན་རྩལ་གྲུབ་འབྲས་ཁག་48ལ་རྒྱལ་ཁབ་རང་བྱུང་ཚན་རིག་གི་བྱ་དགའ་ཨང་གཉིས་པ་སྤྲད་པ། “འདུས་གྲུབ་གློག་ལམ་གྱི་རྫས་འགྱུར་འཕྲུལ་ཆས་འཇམ་འོད་འདོན་པའི་འགག་རྩའི་ལག་རྩལ་དང་སྒྲིག་ཆས”སོགས་ཚན་རྩལ་གྲུབ་འབྲས་ཁག་8ལ་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་དང་པོ་སྤྲད་པ། “ལྗང་མདོག་སྐྱེ་དངོས་གཞི་རྒྱུའི་འགྱིག་སྲབ་གཡོགས་པ་དང་ལུད་རྒྱག་ཚོད་འཛིན་གསར་བཟོ་དང་བཀོལ་སྤྱོད”སོགས་ཚན་རྩལ་གྲུབ་འབྲས་ཁག་54ལ་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་པ་སྤྲད་པ། “བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར”སོགས་ཚན་རྩལ་གྲུབ་འབྲས་ཁག་3ལ་རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་གྱི་དམིགས་བསལ་བྱ་དགའ་སྤྲད་པ། “‘མཚོ་བྱིངས་ཨང་དང་པོ’རྟགས་ཅན་གྱི་ཧ་ཅང་གཏིང་རིང་བའི་རང་བྱུང་སོལ་རླངས་ཞིང་ཁ་གསར་སྤེལ་གྱི་ལས་གྲྭའི་འགག་རྩའི་ལག་རྩལ་དང་བཀོལ་སྤྱོད”སོགས་ཚན་རྩལ་གྲུབ་འབྲས་ཁག་16ལ་རྒྱལ་ཁབ་ཚན་རྩལ་ལག་རྩལ་གྱི་ཡར་ཐོན་བྱ་དགའ་ཨང་དང་པོ་སྤྲད་པ། “གྲང་འགོག་རླུང་འགོག་གི་ཐོན་མཐོའི་འགྱིག་ཤིང་གི་སྣ་ཁ་སྐྱེད་སྲིང་དང་བཀོལ་སྤྱོད”སོགས་ཚན་རྩལ་གྲུབ་འབྲས་ཁག་120ལ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ་སྤྲད་པ། དགེ་རྒན་ཆེ་མོ་བ་གཡོད་ཧན·ཨའེ་ཏེ་ཧྭ·ཧོ་ཕུའུ་ཁེ་ལུའོ་ཧྥུའུ་ཐེ་སོགས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་10ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་སྤྲད་པ་རེད།
  ཏང་ཀྲུང་དབྱང་གིས་འབོད་སྐུལ་བྱས་དོན། རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པ་ཚོས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་དང་བྱ་དགའ་ཐོབ་མཁན་ཡོངས་ལ་སློབ་སྦྱོང་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ་དང“ཁ་ཕྱོགས་པ་བཞི”མཐའ་འཁྱོངས་ཀྱིས་རྒྱལ་གཅེས་དང་། གསར་གཏོད། བདེན་འཚོལ། ལེགས་སྐྱེས། མཐུན་སྦྱོར། མི་སྐྱོང་བཅས་ཀྱི་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་ཡོང་བར་བྱེད་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་ལེན་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།