ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡུན་ནས་ཡུན་དུ་དར་ཁྱབ་བྱུང་བ།

སྤེལ་དུས 2024-06-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དུ་གྱིམ་ཤིང་ཀོང་ཇོའི་མཚན་བཏགས་པའི་རྐང་ཐང་ཁྲོམ་གཞུང་ཞིག་ཡོད། ཉིན་ལྟར་ཞོགས་པ་ནས་དགོང་མོའི་བར་གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་མང་ཚོགས་དེ་གར་འཛོམས་ཀྱི་ཡོད་པས། རྐང་ཐང་ཁྲོམ་གཞུང་དེར་གསོན་ཤུགས་ཀྱིས་ཁེངས་པ་དང་ཆབས་ཅིག་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉམས་འགྱུར་དང་ཡིད་དབང་འཕྲོག་ཤུགས་ཤིག་ཀྱང་མངོན་གྱི་ཡོད་པ་རེད།
  མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་མུ་མཐུད་བརྩམས་པ།
  ཟླ་6ཚེས་10ཉིན་ཧུའུ་ནན་ནས་ཡིན་པའི་མཱ་ཅུན་ཐའོ་སྤྱི་ལེ་3400ལྷག་ཙམ་ནས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྟེ་ཁོང་གི་ཕ་མེས་ཚོས་འབད་འཐབ་བྱེད་མྱོང་བའི་ས་ཆར་ཡོང་ཞིང་། ཁོང་བསྐྱོད་སའི་ས་ཚིགས་དང་པོ་དེ་ནི་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་ཡིན་པ་རེད། “ངའི་སྤོ་བོ་ལགས་དང་པཱ་ལགས་ཀྱིས་སྔོན་ཆད་གྲ་ནང་རྫོང་དུ་ཚོང་རྒྱག་མྱོང་ཡོད་པ་དང་ང་སྐྱེས་རྗེས་ཁོང་ཚོ་ཧུའུ་ནན་དུ་ལོག་ཡོང་བ་རེད། ཁོང་ཚོས་རྟག་ཏུ་ལྷོ་ཁ་དང་གྲ་ནང་གི་སྐོར་དྲན་གསོ་བྱེད་ཀྱི་ཡོད་པས་ང་གནས་འདིར་ཡོང་འདོད་ཆེན་པོ་སྐྱེས་བྱུང”ཞེས་མཱ་ཅུན་ཐའོ་ཡིས་བཤད།
  བསམ་ཡས་གྲོང་རྡལ་དུ་གྱིམ་ཤིང་ཀོང་ཇོ་དང་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བཙན་གཉེན་སྒྲིག་གནང་བའི་སྐོར་གྱི་གཏམ་རྒྱུད་ཅིག་ཡུན་ནས་ཡུན་དུ་དར་ཁྱབ་བྱུང་ཡོད། མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་སྙན་ངག་དེ་མུ་མཐུད་རྩོམ་ཆེད། བསམ་ཡས་གྲོང་རྡལ་གྱིས་སྔར་ཡོད་ཁྲོམ་གཞུང་གི་རྨང་གཞིའི་ཐོག“གྱིམ་ཤིང་རྐང་ཐང་ཁྲོམ་གཞུང”བསྐྲུན་ནས་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཀྱིས་བོད་རྒྱའི་རིག་གནས་མཉམ་འདྲེས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་གཏམ་རྒྱུད་ལ་སྔར་བས་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་དུ་མཱ་ཅུན་ཐའོ་ཡིས་འཁྲུག་ཆ་དོད་པའི་ཁྲོམ་གཞུང་ནས་ཕ་རབས་ཚོའི་རྗེས་ཤུལ་འཚོལ་བ་དང་། མི་རིགས་ཁག་གི་ཚོང་ཁང་གི་སྦྱིན་བདག་དང་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་ཚོ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྐང་ཐང་ཁྲོམ་གཞུང་དུ་འཛོམས་པ་མཐོང་སྐབས་ཁོང་ལའང་ཕ་མེས་ཚོས་ས་འདིར་ཤ་ཞེན་ཆེན་པོ་འཆང་དོན་རྟོགས་པ་རེད།
  ལོ་རྒྱུས་ཁྲོམ་གཞུང་གི་ཉམས་འགྱུར་གསར་པ་མངོན་པ།
  གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་དུ་སྐྱོད་སྐབས་ཉམས་བཟང་ཞིག་མངོན་ཡོང་བ་དང་། ཁྲོམ་གཞུང་ཡོངས་ཀྱི་རིང་ཚད་ལ་སྨི་500ཡང་མི་ཟིན་ནའང་དེ་གར་གང་དགོས་ཚང་མ་འཛོམས་ཡོད། མཱ་ཅུན་ཐའོ་བོད་ཟས་ཁང་ཞིག་ཏུ་འཛུལ་ནས་ཇ་མངར་མོ་ཕོར་པ་གང་དང་ཐུག་པ་གང་བཏུང་ནས་ཁྲོམ་ལ་སྐོར་འགོ་ཚུགས། ཁྲོམ་གཞུང་དུ་སྐྱོད་སྐབས་མི་རིགས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པའི་བོད་བཟོའི་ཁང་པ་གྲལ་འགྲིག་པ་དང་། བོད་ཆས་དང་། སྤོས། བོད་བཟོའི་རྒྱན་ཆ་ཆུང་ངུ་སོགས་ཀྱི་ཚོང་ཟོག་གིས་མིག་ཀྱང་འཁྲུལ་བར་བྱེད།
  “ང་ཚོས་ལོ་རྒྱུས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་དེ་ཉིད་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ས་ཚིགས་ཀྱི་འདུ་འགོད་ལ་བསྐྲུན་པ་དང་། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་མི་རྣམས་ཀྱི་སེམས་ལ་ཟུག་པར་བྱས་པ་མ་ཟད། སྦྱོང་ཐུབ་པ་དང་། ལྟ་ཐུབ་པ། ཚོར་ཐུབ་པ་བཅས་བྱས་ཡོད”ཅེས་བསམ་ཡས་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་བཤད།
  རྐང་ཐང་ཁྲོམ་གཞུང་དུ་མི་རིགས་མཐུན་སྒྲིལ་ཞབས་ཞུའི་སྐར་ཁུང་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བའི་མེ་ཏོག་སྒམ། མི་རིགས་56གི་ལམ་སྒྲོན་བྱང་བུ་སོགས་ཁྲོམ་གཞུང་གི་གཞོགས་གཉིས་སུ་གྲལ་འགྲིག་པོར་བསྒྲིགས་ཡོད་ལ། ད་དུང་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་ཚོང་ཁང་40ལྷག་ཙམ་དེ་གར་རིམ་པ་སྟར་ཆགས་སུ་གནས་ཡོད་ཅིང་། ཁོང་ཚོས་དེ་གར་མཉམ་དུ་ཚོང་གཉེར་བྱེད་པ་དང་། མཉམ་དུ་འཚོ་བ་སྐྱེལ་བ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མཉམ་དུ་གླེང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་བཏོད་དེ་ཚང་མར་མཛེས་སྡུག་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་ཞིག་བརྩམས་ཡོད་པ་རེད།
  རིག་གནས་རྒྱུན་འཛིན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།
  གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ནས་ཡིན་པའི་ཚོང་པ་ཟླ་ཕུན་གྱིས་གསར་འགོད་པར། དེ་སྔོན་ལམ་འདི་ཚང་མ་ཐལ་རྡུལ་ཡིན་པ་དང་། ལམ་ངོས་འབར་འབུར་མང་ལ་ལྷགས་པ་བརྒྱབ་ཚེ་གང་སར་བྱེ་རྡུལ་འཚུབ་པ་དང་ཆར་པ་བབས་ཚེ་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། སྒྱུར་བཀོད་བྱས་རྗེས་འགྲོ་ལམ་དེ་བས་རྒྱ་ཆེ་ལ་གཙང་མར་གྱུར་ནས་མི་ཚོས་ཁྲོམ་གཞུང་འདིར་ཡོང་འདོད་བྱེད་པ་དང་ཚོང་ཡང་ཡག་ཏུ་ཕྱིན་སོང་ཞེས་བཤད།
  ཕྱི་ངོས་ལ་སྣང་ཆེན་བྱེད་དགོས་ལ་ནང་ངོས་ཀྱི་སྤུས་ཀ་ཡང་ལེགས་སུ་གཏོང་དགོས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་ཕུད། ད་དུང་ལོ་རྒྱུས་རིག་གནས་ཀྱི་འཕེལ་རྒྱུན་ལའང་སྣང་ཆེན་བྱེད་དགོས།
  མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་ཡུལ་སྐོར་བས་ཡུལ་སྐོར་བྱེད་རིང་བསམ་ཡས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་མྱོང་ཚོར་ཐུབ་པར་བྱ་ཆེད། བསམ་ཡས་གྲོང་རྡལ་གྱིས་ས་གནས་དེ་གའི་རིག་གནས་ཐོན་ཁུངས་བསྡུ་སྒྲིལ་བྱས་པའི་ནང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་དམངས་ཁྲོད་སྒྱུ་རྩལ་སོགས་ཚུད་ཡོད། དེ་དང་ཆབས་ཅིག་ཚོང་དུད་ལ་གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་དུ་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཁང་བཙུགས་ཏེ་གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་ནས་སྲོལ་རྒྱུན་རིག་གནས་གཅིག་སྡུད་མངོན་པར་བྱེད་དགོས་པའི་སྐུལ་ལྕག་ཀྱང་བྱེད་ཀྱི་ཡོད།
  རིག་གནས་ཁྱབ་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད། བསམ་ཡས་གྲོང་རྡལ་གྱིས་སྒོར་གཞས་འཁྲབ་པའི་བྱེད་སྒོ་དུས་བཀག་ལྟར་སྤེལ་ཏེ་ཡུལ་སྐོར་བ་མང་པོས་བོད་ཀྱི་སྲོལ་རྒྱུན་ཟློས་གར་ལ་དངོས་སུ་ཉམས་ལེན་བྱེད་པའི་ཡིད་དབང་བཀུག་པ་དང་། ས་གནས་དེ་གའི་མང་ཚོགས་དབར་གྱི་སྤེལ་རེས་ཟབ་ཏུའང་གཏོང་གི་ཡོད། “འདི་གའི་མི་རིགས་རིག་གནས་ཀྱི་རྣམ་པ་ཟབ་མོ་ལྡན་པས་རྗེས་སུ་ངས་པཱ་ལགས་ཁྲིད་ནས་ཁོང་གིས་འབད་འཐབ་གནང་མྱོང་བའི་ས་ཆ་འདིར་ལྟ་བར་ཡོང་གི་ཡིན”ཞེས་སྣམ་བུའི་ཕྱུ་པ་གྱོན་ནས་སྒོར་གཞས་རྒྱག་སྟངས་སྦྱོང་བཞིན་པའི་མཱ་ཅུན་ཐའོ་ཡིས་བཤད།
  “ད་ཆ་བསམ་ཡས་གྲོང་རྡལ་འདི་ཉིད་གྲགས་ཅན་གྱི་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་བ་དང་གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་དེའང་ས་གནས་དེ་གའི་མང་ཚོགས་ཀྱིས་སྤྲོ་གསེང་ཟོག་ཉོ་བྱེད་པའི་ཚོང་ལས་རིག་གནས་ཁུལ་གལ་ཆེན་དུ་གྱུར་ཡོད། ང་ཚོས་མུ་མཐུད་འབད་བརྩོན་བྱས་ནས་གྱིམ་ཤིང་རྐང་ཐང་ཁྲོམ་གཞུང་དེ“ལོ་རྒྱུས་ཀྱི་ནང་དོན་ལྡན་པ་དང་། རིག་གནས་ཀྱི་འཕེལ་རྒྱུན་ལྡན་པ། ཚོང་ལས་ལ་བླ་སྲོག་ལྡན་པ”བཅས་ཀྱི་སྤུས་ཀ་ལེགས་པའི་རྐང་ཐང་ཁྲོམ་གཞུང་དུ་བསྐྲུན་ཏེ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མུ་མཐུད་དར་ཁྱབ་གཏོང་གི་ཡིན”ཞེས་བསམ་ཡས་གྲོང་རྡལ་ཏང་ཨུད་ཀྱི་དྲིལ་བསྒྲགས་ཨུ་ཡོན་ཀྲེན་ཀྲང་གཞོན་པ་དངོས་གྲུབ་དོན་ལྡན་གྱིས་བཤད།