ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

སྤེལ་དུས 2024-06-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ཏེ། མི་རིགས་ཁག་ཕྱོགས་ཡོངས་ནས་གཅིག་མཐུན་དང་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བོད་ཀྱི་མི་རིགས་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བས། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། མི་རིགས་མཐུན་སྒྲིལ་དང་སེམས་པ་གཅིག་མཐུན་ཐོག་ནས་ང་ཚོས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སྔར་བས་སློབ་སྦྱོང་དང་ལག་ལེན་བསྟར་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཁར། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་གི་ཡིན་ཞེས་ཚང་མས་བཤད། 
  རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཚན་ཞིབ་པུའི་ཀྲུའུ་རེན་གཞོན་པ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཨོམ་འབའ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཡིན་པའི་ཞེ་ཧུའེ་ཧྲི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ལས་དོན་ནམ་ཡང་ཐུགས་ལ་བཅངས་ནས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གླེང་གནང་ཡོད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་དམིགས་བསལ་གྱི་ཐུགས་ཁུར་དང་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་གྱི་ཡོད། གོམ་སྟབས་རྗེས་མར། ང་ཚོས་གྲོང་སྡོད་ལས་དོན་གྱི་གཙོ་གནད་ལས་འགན་ལྔ་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་ནུས་ལྡན་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་སེ་འབྲུའི་རྡོག་ལྟར་སྔར་བས་གོང་བུ་གཅིག་ཏུ་བསྒྲིལ་གྱི་ཡིན། དེ་དང་ཆབས་ཅིག གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་མཉམ་དུ་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་བསྒྲུབས་ནས། རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།
  རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ཏེང་ཧུང་གིས་ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་མི་རིགས་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཀློག་དེབ་རབ་དང་རིམ་པ་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གཞི་དང་ཀློག་དེབ་རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དང་། “དྲ་སྦྲེལ་དང་མི་རིགས་མཐུན་སྒྲིལ་ཟུང་དུ་འབྲེལ་བའི”སྤེལ་རེས་ལས་སྟེགས་བཏོད་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་བཅས་བྱས་པས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་གང་མགྱོགས་བསྐྲུན་ཏེ། ཀྲུང་ཧྭའི་རིག་གནས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བཤད་པ་རེད།
  “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་གོམ་སྟབས་རྗེས་མའི་ལས་དོན་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད”ལྷོ་ཁ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་ཁང་གི་ལས་དོན་པ་ལི་ཤིན་གྱིས། ཏང་ཡོན་ཞིག་ཡིན་པའི་ངས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་སེམས་ལ་བརྟན་པོར་བཅངས་ནས་འཛུགས་གཏོད་ཀྱི་ལས་འགན་ལ་དམ་པོར་དམིགས་ཏེ་ངར་སེམས་ཆེར་སྐྱེད་ཀྱིས་ལས་དོན་ཏན་ཏིག་བསྒྲུབས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།