ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།

སྤེལ་དུས 2024-07-01 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ་དང་། ཏང་གི་འཛུགས་སྐྱོང་ཁག་ཕྱོགས་གཅིག་ལ་ཤུགས་རྒྱག་པ་དང་ཕྱོགས་བསྡུས་ཤུགས་རྒྱག་པའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ངེས་པར་དུ་ཏང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་གལ་ཆེན་རྩ་བའི་གཞི་འཛིན་སར་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། བརྒྱུད་རིམ་གྱི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ནང་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་། དམིགས་ཡུལ་ཁྱོན་ཡོངས་ལ་ཁྱབ་པ། འགན་འཁྲི་ཁྱོན་ཡོངས་ལ་འཁོར་འབྲེལ་ཐུབ་པ། ལམ་ལུགས་ཁྱོན་ཡོངས་ལ་འབྲེལ་མཐུད་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་། ནུས་པ་ཆ་ཚང་འཛོམས་པ། ཚན་རིག་དང་མཐུན་ཞིང་ཚད་ལྡན། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  ཀྲུང་དབྱང་རྩ་འཛུགས་པུའི་དྲུང་ཆེ་བློ་མཐུན་ཀྲང་ཅིང་ཧུའུ་ཡིས་གནད་དོན་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་ནས་ལས་ཀའི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།
  ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཉིན་ཁ་ཤས་སོང་རྗེས་རང་རེའི་ཏང་དབུ་བརྙེས་ནས་ལོ་103འཁོར་བའི་ལོ་ཞིག་ཡིན་པས། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
  ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་ནས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་བསྐྲུན་ནས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད། དེ་དང་ཆབས་ཅིག་མཐོང་དགོས་པ་ཞིག་ལ། ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”ཡུན་རིང་གནས་སྲིད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད། ཏང་ཡོངས་ཀྱིས་ངེས་པར་དུ“རྒྱུགས་འབུལ་ལམ་བུར”སྐྱོད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ཡུན་ནས་ཡུན་དུ་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཐབས་ལམ་ནུས་ལྡན་ལ་བརྩིས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་གང་གསུང་དེ་སྒྲུབ་བྱེད་དགོས། ཏང་འཛུགས་སྐྱོང་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་རྩ་འཛུགས་ཀྱི་དོ་དམ་སྒྲིག་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་། རིམ་པ་འདི་གར་དམ་འཛིན་གྱིས་འོག་རིམ་ལ་སྣེ་ཁྲིད། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ལས་ཀའི་བཀོད་པ་ཆགས་པ་བཅས་བྱས་ཏེ། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་འཚོལ་ཞིབ་བྱས་ཏེ་ཏང་རྩ་འཛུགས་ཀྱི་སྒྲིག་འགོད་དང་བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱེད་དགོས། དྲ་སྦྲེལ་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་མཁས་པོ་བྱས་ནས་ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་དྲ་ཐོག་དང་དྲ་ཕྱི་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས།
  ཞི་ཅིན་ཕིང་གིས་གསུངས་དོན། གཞི་བརྟན་བསམ་འཕེལ་དང་བློ་སྒྲིལ་སེམས་སྐྱེད་ཀྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ངེས་པར་དུ་བསམ་བློ་འཛུགས་སྐྱོང་གི་རྨང་གཞི་འདིར་དམ་འཛིན་ཡག་པོ་བྱེད་པ་དང་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་སྐུལ་འདེད་བཏང་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་གཤིས་སློབ་གསོར་ཤུགས་སྣོན་རྒྱག་དགོས། རྒྱུན་གཏན་རང་བཞིན་གྱི་སློབ་གསོ་དང་གཅིག་སྡུད་རང་བཞིན་གྱི་སློབ་གསོ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་ལག་ལེན་དུ་བཀོལ་སྤྱོད། ཏང་གཤིས་བརྟན་གཏོང་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་བརྟན་གཏོང་དང་། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ཞུན་བརྡར་བཅས་འབྲེལ་མཐུད་བྱས་ནས་རྒྱུན་གཏན་ནང་མཉམ་འདྲེས་དང་གོམས་གཤིས་སུ་འཇགས་པར་ཁྲིད་སྟོན་བྱེད་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གནད་སྨིན་ཤུགས་འདོན་དང་རྩ་ལག་མཉམ་བཅོས་ཀྱི་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ངེས་པར་དུ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱེད་པ་དང་། ནད་བཅོས་དང་སྟོབས་རྒྱས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་གྱི་དོ་དམ་ལམ་སྲོལ་ལེགས་སུ་གཏོང་བ་དང་། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་བཟང་སྒྲིག་ནན་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་འགྲོ་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཏང་གི་རང་ངོས་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ཟུང་འབྲེལ་མཐའ་འཁྱོངས་དང་ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཐུན་སྦྱོར་ལ་སྐུལ་འདེད་བཏང་ནས་ཏང་གི་གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ནུས་ཆེ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་དང་། འགོ་ཁྲིད་ཚན་ཁག་དང་ལྷག་པར་དུ“འགོ་ཁྲིད་པ་ཨང་དང་པོར”ལྟ་སྐུལ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་དོན་ཚན་ལ་ལྟ་སྐུལ། དེ་བཞིན་དབང་ཆ་གཅིག་སྡུད་དང་། མ་དངུལ་འདུས་ཆེ། ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་དམ་འཛིན་ཧུར་ཐག་བཅས་བྱས་ནས་དམིགས་བསལ་དབང་ཆའི་སྣང་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཏན་ནས་གབ་ས་མེད་པ་བྱེད་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བྱེད་པོ་དང་བླང་བྱ་ཁ་གསལ་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ངེས་པར་དུ་རིམ་དབྱེ་རིགས་དབྱེའི་སྒོ་ནས་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཁ་གསལ་དང་། རིམ་ཁག་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་ཁ་གསལ། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིའི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ཁ་གསལ། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཁ་གསལ། ཏང་ཡོན་དང་ལས་བྱེད་པའི་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཅས་བཟོ་དགོས། གནད་སྨིན་དང་ཚན་རིག་དང་མཐུན་པའི་འགན་འཁྲི་བདའ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་བཞིན་གནོན་ཤུགས་སྤྲོད་པ། འགན་འཁྲིའི་བྱེད་པོ་གནད་འཁེལ་དང་། འགན་འཁྲིའི་བླང་བྱ་གནད་འཁེལ། དཔྱད་ཞིབ་ཀྱི་འགན་འཁྲི་བདའ་འདེད་གནད་འཁེལ་བཅས་བྱས་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
  ཞི་ཅིན་ཕིང་གིས་མཇུག་ཏུ་གསུངས་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྣེ་ཡག་པོ་ཁྲིད་པ་དང་། མིག་དཔེ་འདོན་པ། རང་གཅུན་ནན་པོ། འགན་འཁྲི་ནན་ཁུར། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱས་ཏེ། ཏང་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་ཡག་པོ་སྐྱོང་བ་དང་སྟོབས་ཆེན་དུ་འཛུགས་སྐྱོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས།