ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་ནས་ལོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

སྤེལ་དུས 2024-07-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་6ཚེས་28ཉིན་གྱི་སྔ་དྲོར། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དྲན་གསོའི་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་འགོ་བརྗོད་དུ《ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་གཏོང་བ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།
  ཟླ་6ཚེས་28ཉིན་གྱི་སྔ་དྲོར། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་ནས་ལོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དྲན་གསོའི་ཚོགས་ཆེན་ལ་ཞུགས་ནས་འགོ་བརྗོད་དུ《ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་གཏོང་བ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
  དབྱར་ཟླ་འབྲིང་མོར་གནམ་ས་ཡངས་ཤིང་སྤྲིན་དཀར་ཚོམ་བུས་བརྒྱན། མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་བརྗིད་ཉམས་ཆེ་ཞིང་འོད་སྟོང་རབ་ཏུ་འཕྲོ་བ་ཞིག་ཡོད་པ་དང་། བཞུགས་གྲལ་མགྲོན་པོས་ཁེངས་ཡོད།
  སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ། བརྗིད་ཉམས་ལྡན་པའི《ཞི་བདེ-ལས་དབང་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་ཞི་ཅིན་ཕིང་གསེར་མདོག་ཚོམས་ཆེན་དུ་ཕེབས།
  ཞི་ཅིན་ཕིང་གིས་དྲན་གསོའི་ཚོགས་ཆེན་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྲིད་ཕྱོགས་མི་སྣ་གལ་ཆེན་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་བྱམས་བརྩེའི་འཚམས་འདྲི་ཞུ་རེས་གནང་ཡོད།
  སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
  ཞི་ཅིན་ཕིང་གིས་གསུངས་དོན། ཉེ་རབས་དང་དེང་རབས་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་། ཐུན་མོང་ཐོག་འཛམ་གླིང་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པ། མིའི་རིགས་ཡོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གིས་འཚོལ་ཞིབ་ལྷོད་མེད་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་རེད། ལོ་70ཡི་གོང་། མི་རིགས་རང་བཙན་དང་བཅིངས་འགྲོལ་ལས་འགུལ་ཤུགས་ཆེན་སྤེལ་བས་འཛམ་གླིང་གི་མི་སེར་སྤེལ་བའི་མ་ལག་ཐོར་ཞིག་ཏུ་སོང་ཡོད། འཇམ་འཐབ་ཀྱི་སྤྲིན་ནག་གིས་འཛམ་གླིང་བསྒྲིབས་ཏེ“བཙན་དབང་ནི་སྤྱི་ལུགས་ཡིན་པའི”འུར་སྒྲ་ཆེན་པོ་བསྒྲགས་པ་དང་། རང་བཙན་ཐོབ་མ་ཐག་པའི་རྒྱལ་ཁབ་གསར་པས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རེ་བ་བྱེད་བཞིན་ཡོད། ཀྲུང་གོའི་འགོ་ཁྲིད་པས་བདག་དབང་དང་མངའ་ཁོངས་ཆ་ཚང་བར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་དོན་ཚན་ལྔ་ཐོག་མར་ཆ་ཚང་བཏོན་པ་མ་ཟད། ཀྲུང་གོ་དང་རྒྱ་གར་དང་ཀྲུང་གོ་དང་འབར་མའི་མཉམ་འབྲེལ་གསལ་བསྒྲགས་ནང་དུའང་བཅུག་ནས། རྩ་དོན་དོན་ཚན་ལྔ་དེ་རྒྱལ་ཁབ་དབར་གྱི་འབྲེལ་བར་མཛུབ་སྟོན་བྱེད་པའི་གཞི་རྩའི་ཚད་གཞིར་གཏན་འཁེལ་བྱས་ནས་ཐུན་མོང་ཐོག་དར་སྤེལ་བཏང་བ་རེད། དེ་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་གསར་གཏོད་རླབས་པོ་ཆེ་ཞིག་ཏུ་གྱུར་བས་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད།
  ལོ་70ཡི་རིང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ནི་དུས་ཀྱི་བར་སྟོང་ལས་བརྒལ་བ་དང་། འགལ་རྐྱེན་ལས་བརྒལ་བ། དུས་ཡུན་རིང་པོར་ཚོད་བགམ་ཐེག་པ། དུས་ཡུན་རིང་པོར་བརྟན་པོར་གནས་པ་བཅས་ཡིན་པས་སྒོ་དབྱེ་བསྟུན་མཁས་དང་ཡོངས་ཁྱབ་ཏུ་སྤྱོད་གོ་ཆོད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དུ་གྱུར་ནས། རྒྱལ་སྤྱིའི་འབྲེལ་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་ལོ་རྒྱུས་ཀྱི་ཚད་ཤིང་བཏོད་པ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཀྱིས་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་ཡང་དག་བྱས་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་དང་མཉམ་འབྲེལ་རང་དར་ལ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ། རྒྱལ་སྤྱིའི་སྒྲིག་ལམ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་ལོ་རྒྱུས་ཀྱི་བློ་གྲོས་ལེགས་སྐྱེས་སུ་ཕུལ་བ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་པ་བཅས་བྱས་ཡོད།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་70སོང་རྗེས་ཀྱི་དེང་གི་དུས་འདིར“འཛམ་གླིང་གང་འདྲ་ཞིག་སྐྲུན་དགོས་པ་དང་། འཛམ་གླིང་འདི་ཇི་ལྟར་སྐྲུན་དགོས་པའི”ཞིབ་འཇུག་བྱ་གཞི་གལ་ཆེན་གྱི་མདུན་དུ་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དུས་རབས་འདིའི་དྲི་བར་ལན་སླར་ཡང་བཏབ་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ནི་གཅིག་རྒྱུན་གཅིག་འཛིན་བྱས་པ་ཞིག་ཡིན་ཞིང་། གཉིས་ཀས་གཉེན་ལ་བྱམས་ཤིང་ཁྱིམ་མཚེས་ལ་མཐུན་པ་དང་། ཡིད་རྟོན་འཆམ་མཐུན། རྒྱལ་ཁབ་མང་པོ་མཐུན་སྦྱོར་བཅས་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྩ་བར་བྱས་ཡོད་པ་དང་། གཉིས་ཀས་ཀྲུང་གོའི་ཕྱི་འབྲེལ་གྱི་རང་རྟོན་རང་ཚུགས་དང་། བདེན་དོན་མཐའ་འཁྱོངས། ཉམས་སྐྱོང་དགེ་སྤེལ་བཅས་ཀྱི་སྙིང་སྟོབས་ཆེན་པོ་མངོན་པ། གཉིས་ཀས་ཀྲུང་གོ་གུང་ཁྲན་ཏང་མིས་མིའི་རིགས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་འཛམ་གླིང་ལ་བཅངས་པའི་བརྩེ་སེམས་མངོན་པ། གཉིས་ཀས་ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་མཐའ་འཁྱོལ་ངང་སྐྱོད་པའི་ཆོད་སེམས་བརྟན་པོ་མངོན་གྱི་ཡོད། དེ་ནི་དུས་བབ་གསར་པའི་འོག་གི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཛིན་དང་། དར་སྤེལ། གོང་འཕེལ་བཅས་ཡག་ཤོས་བྱས་པ་ཞིག་རེད། འདུ་ཤེས་དེ་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ལས་དབང་མཉམ་འདྲེས་དང་སྐྱིད་སྡུག་མཉམ་མྱོང་གི་དོན་དངོས་ལ་གཞི་ཚུགས་ནས་འདྲ་མཉམ་དང་མཉམ་གནས་ཀྱི་དཔེ་མཚོན་གསར་པ་ཞིག་བཏོད་ཡོད། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཞི་བདེ་དང་ཡར་ཐོན་གྱི་གནས་ཚད་གསར་པ་བཏོད་ཡོད།
  འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་ལག་ལེན་གསར་པ་ཕུན་སུམ་ཚོགས་སུ་བཏང་ཡོད།
  ཞི་ཅིན་ཕིང་གིས་གསུངས་དོན། ཞི་བདེ་དང་དམག་འཁྲུག་དང་། དར་རྒྱས་དང་ཉམས་རྒུད། མཐུན་སྒྲིལ་དང་འགྲན་རྒོལ་བཅས་གང་ཞིག་བྱེད་དགོས་མིན་གྱི་ལོ་རྒྱུས་ཀྱི་གདམ་གའི་མདུན་དུ་ང་ཚོས་དེ་སྔའི་དུས་གང་རུང་ཞིག་ལས་ཀྱང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་སྙིང་སྟོབས་ཀྱི་ནང་དོན་དེ་བས་དར་སྤེལ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་བླ་ན་མེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
  —— ང་ཚོས་བདག་དབང་འདྲ་མཉམ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དར་སྤེལ་བཏང་ནས་རྒྱལ་ཁབ་ཁག་གིས་སྣེ་མང་མ་ལག་ཁྲོད་རང་ཉིད་ཀྱི་གནས་བབ་རྙེད་ཐུབ་པ་དང་། ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་འདོན་འོས་པའི་ནུས་པ་བཏོན་ནས་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་སྤྱི་ཡོངས་བརྟན་པོ་དང་དགེ་མཚན་ལྡན་པའི་འགན་ལེན་ཏན་ཏིག་བྱེད་དགོས།
  —— ང་ཚོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་རྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ལམ་ལུགས་ཀྱི་རྣམ་པར་བརྩི་འཇོག་བྱས་ནས། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི“རྩ་ཆེའི་ངེས་སྲོལ”ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱས་ཏེ། རང་ཉིད་ཀྱི་འདོད་བློ་གཞན་ལ་བཙན་འགེལ་བྱེད་པར་ངོ་རྒོལ་དང་། ཤོག་ཁག་ཁ་གཏད་དུ་ལངས་པ་དང“ཤོག་ཁག་ཆུང་ངུ”སྣ་ཚོགས་འཛུགས་པར་ཐུན་མོང་ཐོག་ངོ་རྒོལ། རྒྱལ་ཁབ་གཞན་ལ་བཙན་ཤེད་ཀྱིས་ཤོག་ཁག་འདེམས་སུ་འཇུག་པར་ངོ་རྒོལ་བཅས་བྱེད་དགོས།
  —— ང་ཚོས་ཞི་བདེ་དང་བདེ་འཇགས་ཀྱི་འདུན་པ་མངོན་འགྱུར་བྱེད་དགོས་ཤིང་། ཞི་བདེ་སྲུང་སྐྱོང་གི་འགན་འཁྲི་མཉམ་དུ་འཁུར་རྒྱུ་དང་། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མཉམ་དུ་བསྐྱོད་རྒྱུ། ཞི་བདེ་མཉམ་དུ་དོན་གཉེར་དང་། ཞི་བདེ་མཉམ་སྲུང་། ཞི་བདེ་མཉམ་སྤྱོད་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་ལེན་བསྟར་བ་དང་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་བཏང་སྟེ་དེ་བས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ཀྱི་སྒྲོམ་གཞི་འཛུགས་དགོས།
  —— ང་ཚོས་ཐུན་མོང་ཐོག་དར་རྒྱས་གཏོང་བའི་སྒུལ་ཤུགས་གཅིག་སྒྲིལ་བྱེད་དགོས་ཤིང་། ཀུན་ཕན་དང་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་ལེན་བསྟར་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་དོན་གཉེར་བྱེད་དུ་འཇུག་དགོས།
  —— ང་ཚོས་དྲང་བདེན་དྲང་བཞག་གི་འདུ་ཤེས་འཛིན་དགོས་ཤིང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱལ་སྤྱིའི་སྒྲིག་སྲོལ་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གཏོད་པ་དང་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་འཛམ་གླིང་གི་བྱ་བ་རྒྱལ་ཁབ་ཁག་གིས་གྲོས་མོལ་བྱས་ནས་སྒྲུབ་དགོས།
  —— ང་ཚོས་སྒོ་དབྱེ་བསྟུན་མཁས་ཀྱི་བློ་རྒྱ་ཡངས་པོ་མངོན་དགོས་ཤིང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་ནས་རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་དང་ཤེས་དཔལ་སྣ་ཚོགས་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་འདིར་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་རྦད་དེ་གནས་ཐུབ། ཤེས་དཔལ་མི་འདྲ་བ་ཁག་འདྲ་མཉམ་གྱི་ལྟ་སྟངས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་ཕན་ཚུན་མཉམ་གནས་དང་གཅིག་ལ་གཅིག་རྒྱན་ཡོང་ཐུབ།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་70ཡི་ལོ་རྒྱུས་འཕེལ་རིམ་ལས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་གཏུག་དང་བསམ་ཤེས་བྱེད་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཐུན་མོང་ཐོག་འབྱུང་འགྱུར་གཏོད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་ར་སྤྲོད་ཡང་ཡང་བྱུང་ཡོད། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྙན་གྲགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དེས་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱིས་སྔར་བས་སྒོ་དབྱེ་བསྟུན་མཁས་ཀྱི་ཉམས་འགྱུར་ཐོག་ནས་ལག་གདང་སྦྲེལ་ཏེ་མཉམ་དུ་མདུན་སྐྱོད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བའི་མདུན་གྲལ་དུ་སྐྱོད་དགོས།
  ང་ཚོས་ཐུན་མོང་ཐོག་ཞི་བདེ་སྲུང་མཁན་གྱི་སྟོབས་ཤུགས་བརྟན་པོ་ཞིག་བྱས་ཏེ་ཞི་བདེའི་བྱེད་ཐབས་ཐོག་ནས་རྒྱལ་ཁབ་དབར་གྱི་ཕྱོགས་འགལ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་དགེ་མཚན་ལྡན་པའི་ངང་ཞུགས་དགོས། ཐུན་མོང་ཐོག་སྒོ་དབྱེ་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས་བྱས་ནས་འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཏུ་བསྐྱར་དུ་ལོག་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་སླར་གསོ་བྱས་ཏེ། ལྷོ་ལྷོ་མཉམ་ལས་དང་ལྷོ་བྱང་དབར་གྱི་སྐད་ཆ་ཤོད་རེས་གཏིང་ཟབ་ཏུ་གཏོང་དགོས། ཐུན་མོང་ཐོག་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་མཁན་གྱི་འཛུགས་སྐྲུན་སྟོབས་ཤུགས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་རྒྱ་སྐྱེད་ཧུར་ཐག་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་སྒྲོམ་གཞི་དེ་བས་དོ་སྙོམས་དང་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། ཐུན་མོང་ཐོག་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་མཁན་གྱི་སྐུལ་འདེད་སྟོབས་ཤུགས་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་དཔལ་མི་འདྲ་བའི་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་གསོ་དང་། ཚན་རྩལ། རིག་གནས། ས་གནས། དམངས་ཁྲོད། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་དགོས།
  ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་གནང་དོན། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་མཉམ་ལས་ལ་རྒྱབ་སྐྱོར་དེ་བས་ལེགས་པ་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཞིབ་འཇུག་ལྟེ་གནས་བཙུགས་ནས་འབྱུང་འགྱུར་ལོ་5ཡི་རིང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ལ“ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་ཕུལ་བྱུང་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ”སྤྲོད་པའི་མི་གྲངས་1000དང་ཟབ་སྦྱོང་དང་གསོ་སྦྱོང་གི་མི་གྲངས་ཁྲི་10མཁོ་འདོན་བྱ་རྒྱུ་དང་འབྲེལ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་གཞོན་ནུ་སྣེ་ཁྲིད་པའི་འཆར་གཞི་ལག་ལེན་བསྟར་འགོ་འཛུགས་རྒྱུ་ཡིན།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སྔ་ས་ནས་ཀྲུང་གོའི་རྩ་ཁྲིམས་ནང་བཀོད་ཡོད་པས་ཀྲུང་གོའི་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞིར་གྱུར་ཡོད། ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་ཆོད་སེམས་དང་། རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་བྱེད་པའི་ཆོད་སེམས། འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཆོད་སེམས་བཅས་ལ་འགྱུར་བ་འགྲོ་མི་སྲིད། ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མུ་མཐུད་དར་སྤེལ་བཏང་ནས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན།
  མཇུག་ཏུ་ཞི་ཅིན་ཕིང་གིས། ད་ཆ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ང་ཚོའི་མི་རབས་འདིའི་ལག་ཏུ་སླེབས་ཡོད། ང་ཚོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་ནས་ལོ་70འཁོར་བར་དྲན་གསོ་ཞུ་བ་འགོ་འཛུགས་སར་བྱས་ཏེ། ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ལག་གདང་སྦྲེལ་ཏེ་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
  ལི་ཆང་གིས་དྲན་གསོའི་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།