ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

འདི་ནས་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར1.8རག་པ་མ་ཟད། ད་དུང་་་

སྤེལ་དུས 2024-07-03 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
             ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དུ་ཡོད་པའི་ཀྲུང་གོ་ཧྭ་གློག་ལྷོ་ཁ་ནོར་བུ་ས་འོད་ཤུགས་རྣམ་གྲངས་ཀྱི་ལས་ཡུལ་དུ་ཨར་སྐྲུན་པས་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་འདུག་ལ། འོད་ཤུགས་ཤེལ་ལེབ་ཀྱང་སྟར་པ་དང་སྟར་པ་བྱས་ནས་སྤང་ཐང་དུ་བསྒྲིགས་འདུག   
             འབྲི་ཆུའི་སྟོད་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཆུ་རླུང་འོད་གསུམ་གྱི་དཔེ་སྟོན་རྟེན་གཞིའི་ཆུ་གློག་དང་འོད་ཤུགས་རྣམ་གྲངས་ཁག་ཚ་ཚ་འུར་འུར་ངང་སྐྲུན་བཞིན་འདུག རྣམ་གྲངས་དེ་དག་གིས་ཉེ་འཁོར་གྱི་གྲོང་མིར་སྐྱེལ་འདྲེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་སོགས་ཀྱི་ལས་གནས་མཁོ་འདོན་བྱས་པས། གྲོང་མི་ཚོ་སྒོ་རྩ་ནས་ལས་ཀ་རག་པ་དང་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
             ནུས་རྒྱུ་གཙང་མའི་རྣམ་གྲངས་རེ་རེ་བཞིན་བསྐྲུན་ནས་སྤྱོད་འགོ་ཚུགས་པར་བརྟེན། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གློག་གི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་པ་མ་ཟད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
             ཀྲུང་གོ་ཧྭ་གློག་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དེ་ནུས་རྒྱུ་གསར་སྤེལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་གངས་ལྗོངས་ས་མཐོའི་རི་ཆུ་མང་པོ་དང་རྩྭ་རྩི་ཤིང་དུ་མ་སྲུང་སྐྱོང་བྱས་ཡོད།
             དེ་དང་ཆབས་ཅིག ཀྲུང་གོ་ཧྭ་གློག་གིས་ད་དུང་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོའི་ལས་གྲྭར་ཧུར་ཐག་ཞུགས་ནས་སྒོར་ཁྲི8000བཏང་སྟེ་མུའུ8200ལྷག་ཙམ་གྱི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱས་ནས་ལྷ་སའི་སྔོ་འགྱུར་ལས་གྲྭར་ལེགས་སྐྱེས་ཕུལ་ཡོད།
             ཉེ་བའི་ལོ་ཤས་ཀྱི་རིང་ལ། ཀྲུང་གོ་ཧྭ་གློག་གིས་ནུས་རྒྱུ་གཙང་མ་གསར་སྤེལ་བྱས་ནས་ཕུགས་ཕན་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་པ་མ་ཟད། མང་ཚོགས་ལས་ཀར་བསྡུས་ཤིང་། རིམ་རྩིས་བྱས་ན་ལས་གནས4200ལྷག་ཙམ་ཐག་གཅོད་བྱས་པས་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར1.8བྱུང་ཡོད། སྒོར་ཁྲི2600བཏང་ནས་ཆུ་གློག་གི་གནས་སྤོས་གྲོང་མིའི་སྡོད་ཁང་གསར་པ་བསྐྲུན་པས་དུད་ཚང30ཡི་གྲོང་མི75ཡི་སྡོད་གནས་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། དེ་བཞིན་ཉི་མའི་འོད་ཤུགས་རྣམ་གྲངས་སྐྲུན་རོགས་བྱས་པས་མང་ཚོགས9000ལྷག་ཙམ་གྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱུང་བ་དང་། སྒོར་དུང་ཕྱུར5.23རི་བའི་ཨར་སྐྲུན་རྒྱུ་ཆ་ཉོས་པས་འཛད་སྤྱོད་ཐད་སྒོར་ཁྲི2600ལྷག་ཙམ་རོགས་སྐྱོར་ཐུབ་ཡོད། ད་དུང་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ81གདན་ཞུ་བྱས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ44གསོ་སྐྱོང་བྱས་པ་མ་ཟད། ཧྭ་གློག་གི་ལས་ཀར་བཅུག་པས་དེ་བས་བརྟན་པའི་ཕུགས་ཕན་གྱི་རོགས་སྐྱོར་ཐུབ་ཡོད།  གྲངས་གཞི་མང་པོ་ལས། ཀྲུང་གོ་ཧྭ་གློག་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་འགན་འཁྲི་འཁུར་བཞིན་པ་མཐོང་ཐུབ་བོ།།

རྩོམ་སྒྲིག་པ། རིག་གྲོལ།