ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞང་ཀང་གི་གཞོན་ནུ་ལོ་ཆུང་བརྒྱ་རབ་མཛེས་མཚོ་སྔོན་དུ་སླེབས་པ།

སྤེལ་དུས 2024-07-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་བདུན་པའི་མཚོ་སྔོན་གྱི་རི་ཆུ་ནི་པིར་རིས་འཐེན་པ་བཞིན་སྔོ་ཐིང་ངེར་གནས། ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ཚོ་སྔར་བས་མང་བ་ནང་སར་སློབ་སྦྱོང་དང་ལས་ཞུགས། འཚོ་བར་རོལ་བར་ཡིད་དབང་བཀུགས་ནས། ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ཚོ་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི2024ལོའི“ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ཚོས་མེས་རྒྱལ་ལ་ལྟ་བ་དང་། ཞང་ཀང་གི་གཞོན་ནུ་བརྒྱ་རབ་མཛེས་མཚོ་སྔོན་དུ་བསྐྱོད་པའི”སྤེལ་རེས་བྱེད་སྒོའི་འགོ་ཚུགས་པའི་མཛད་སྒོ་ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཟི་ལིང་དུ་འཚོགས་པ་རེད། 
བྱེད་སྒོའི་ཡུལ་དངོས།
            ཡུལ་དངོས་སུ་ཞང་ཀང་ནས་ཡོང་བའི་གཞོན་ནུ་ལོ་ཆུང140ལྷག་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་ཁག་གི་སྐུ་མགྲོན་དང་མཉམ་དུ་བྱེད་སྒོ་འགོ་ཚུགས་པར་བདེན་དཔང་བྱས།
            ཐེངས་འདིའི་བྱེད་སྒོས་མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་ཀྱི་ལེའུ་གསར་པ་འགོ་ཚུགས་པ་མ་ཟད། ཟི་ལིང་ནས་ཞང་ཀང་བར་གྱི་ཐད་ཀར་འཕུར་སྐྱོད་མཁའ་ལམ་ཤར་གཏོང་ཐུབ་པས། མཚོ་སྔོན་དང་ཞང་ཀང་དབར་གྱི་མཁའ་ཐོག་སྤེལ་རེས་སྔར་བས་སྟབས་བདེ་ཆེ་རུ་ཕྱིན་ནས། ས་གནས་གཉིས་ཀྱི་གཞོན་ནུའི་དབར་གྱི་སྤེལ་རེས་དང་མཉམ་ལས་སྔར་བས་དམ་ཟབ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་གཏིང་ཟབ་ཡོང་བར་གསོན་ཤུགས་གསར་པ་བསྣན་ཡོད།
            མ་འོངས་པའི་ཉིན་བདུན་གྱི་རིང་ལ། ཞང་ཀང་གཞོན་ནུ་ལོ་ཆུང་སྤེལ་རེས་ཚོགས་པས་ཁྲི་ཀ་རྫོང་དང་མདའ་བཞི་རྫོང་སོགས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ས་ཆ་མང་པོར་ཡུལ་དངོས་སུ་ལྟ་སྐོར་དང་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་རྒྱུ་ཡིན་པས། སྔོན་དཔག་བྱས་ན་སློབ་སྦྱོང་ཉམས་ལེན་གཏིང་ཟབ་དང་རྩ་ཆེའི་མཛའ་གྲོགས་ཀྱི་དཔང་རྟགས་འཇོག་རྒྱུ་རེད། སྤེལ་རེས་བྱེད་སྒོ་དེ་རིགས་བརྒྱུད་ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་དབར་གྱི་བར་ཐག་སྔར་བས་ཉེ་རུ་འགྲོ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་བཏང་ནས་མེས་རྒྱལ་གོང་འཕེལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་བསུ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད། 
ཚོགས་ཞུགས་འགོ་ཁྲིད་དང་གཞོན་ནུ་ལོ་ཆུང་སྤེལ་རེས་ཚོགས་པས་མཉམ་དུ་བརྒྱབ་པའི་དྲན་རྟེན་འདྲ་པར།
 
རྩོམ་སྒྲིག་པ། རིག་གྲོལ།