གནམ་གྲུའི་དོན་རྐྱེན་ཁྲོད་ཀྲུང་གོའི་མི་4རྐྱེན་ལམ་དུ་ཤོར་འདུག
སྤེལ་དུས 2024-08-09
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་པ་པོ།
ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་གྱི་ཕྱི་དྲོར། ནེ་པ་ལའི་རྒྱལ་རབས་མཁའ་འགྲུལ་ཀུང་སིའི་(AIR DYNASTY)ཐད་འཕུར་གནམ་གྲུ་ཞིག་རྒྱལ་ཁབ་དེའི་ནུའུ་ཝ་ཁོ་ཐེ་ས་ཁུལ་དུ་ལྷུངས་པ་རེད། ནེ་པ་ལའི་ཐེ་ལི་པུའུ་ཝན་རྒྱལ་སྤྱིའི་གནམ་ཐང་རོགས་སྐྱོབ་ལྟེ་གནས་ཀྱི་བརྡ་ཁྱབ་ལྟར་ན། གནམ་གྲུའི་ཐོག་ཀྲུང་གོའི་འགྲུལ་པ་4དང་ནེ་པ་ལའི་གནམ་གྲུའི་ཁ་ལོ་བ་1ཡོད་པ་རེད། རོགས་སྐྱོབ་མི་སྣས་རྐྱེན་ལམ་དུ་ཤོར་བའི་མི་5ཡི་སྐུ་ཕུང་ཚང་མ་རྙེད་ཡོད་ལུགས་ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱིས་ར་སྤྲོད་བྱས་པ་རེད།
ཨང་གྲངས་9N-AJDཡིན་པའི་ཐད་འཕུར་གནམ་གྲུ་དེའི་འཕུར་ཡུལ་ནི་རེ་སུའུ་ཝ་ས་ཁུལ་ཡིན་པ་དང་། ཚེས་7ཉིན་གྱི་ཆུ་ཚོད་13དང་སྐར་མ་54ཡི་ཐོག་ཀ་ཏ་མན་རྡུ་ནས་འཕུར་ནས་སྐར་མ་3སོང་རྗེས་འབྲེལ་བ་ཆད་པ་རེད། ཆག་སྒོ་བྱུང་སའི་ཉེ་འགྲམ་གྱི་གྲོང་མིས་རི་ཁྲོད་དུ་མེ་ཤོར་ནས་དུ་བ་ཐོན་པ་མཐོང་རྗེས་ཉེན་རྟོག་ཕྱོགས་ལ་བརྡ་བཏང་བ་དང་། དེའི་རྗེས་སུ་ཉེན་རྟོག་ཕྱོགས་ཀྱིས་ཐད་འཕུར་གནམ་གྲུ་ལྷུངས་པ་གཏན་འཁེལ་བྱས་པ་རེད།
ནེ་པ་ལའི་ཙུང་ལིའི་གཞུང་དོན་ཁང་གིས་ཉིན་དེའི་ཕྱི་དྲོར་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས། རྐྱེན་ལམ་དུ་ཤོར་མིར་ཙུང་ལི་ཨའོ་ལི་ཡིས་མྱ་ངན་ཞུས་ཅེས་འཁོད་ཡོད།
གཞན་ཡང་། ཤིན་ཧྭ་གསར་འགྱུར་ཁང་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཚེས་7ཉིན་ནེ་པ་ལར་ཐོན་པའི་ཐད་འཕུར་གནམ་གྲུ་ལྷུངས་པའི་དོན་རྐྱེན་ཁྲོད་ཀྲུང་གོའི་སྤྱི་དམངས་4རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་པ་རེད།
རྩོམ་སྒྲིག་པ། ལྷ་འབྲུག