ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོར། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས“སྔ་འཛིན་ཕྱི་གཏོད་དང་འབད་འབུངས་མདུན་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་སློབ་གླིང་བཙུགས་ནས་ལོ40འཁོར་བའི་རིམ་སྤེལ་བྱེད་སྒོ“ཕུལ་བྱུང་མཐར་ཕྱིན་སློབ་མའི་དེབ་གསར་འགྲེམ་སྤེལ་ཚོགས་འདུ”འཚོགས། འགྲེམ་སྤེལ་ཚོགས་འདུའི་ཐོག་ཏུ་ཕུལ་བྱུང་མཐར་ཕྱིན་སློབ་མ་རྫ་བ་ཚུལ་ཁྲིམས་ནོར་བུ་དང་ཆོས་འཛིན་གཉིས་ཀྱིས་དཔེ་དེབ་གསར་པ་གསར་རྩོམ་བྱས་པའི་ཉམས་མྱོང་སོགས་གསུངས་པ་དང་། ཚོགས་ཞུགས་ཆེད་མཁས་དག་གིས་དཔེ་དེབ་གསར་པར་དཔྱད་བརྗོད་གནང་།
ཕུལ་བྱུང་མཐར་ཕྱིན་སློབ་མའི་དེབ་གསར་འགྲེམ་སྤེལ་ཚོགས་འདུའི་ཡུལ་དངོས།
འབྲེལ་ཡོད་ཆེད་མཁས་དག་གིས་དེབ་གསར་གྱི་ནང་དོན་ལ་དཔྱད་བརྗོད་གནང་བ།
ཚུལ་ཁྲིམས་ནོར་བུས་བརྩམས་པའི《མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་པ་གཅིག་ཏུ་དྲིལ་ཏེ་ཀུན་གཞི་རྣམ་ཤེས་ལ་དཔྱད་པ》ཞེས་པ་ནི་སློབ་གླིང་གི་ཕུལ་བྱུང་སློབ་གནས་ཀྱི་སློབ་ཐོན་དཔྱད་རྩོམ་ཞིག་ཡིན་ཞིང་། དེ་ནི་སི་ཁྲོན་ཞིང་ཆེན་གྱིས་རིམ་གསུམ་སློབ་གནས་ཀྱི་དེང་རབས་སློབ་གསོར་སྐུལ་འདེད་བཏང་བ་དང་བསྟན་དོན་འཆད་འགྲེལ་ལ་སྐུལ་འདེད་བཏང་བའི་ཐད་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ཤིག་རེད། ཆོས་འཛིན་གྱིས་བརྩམས་པའི《དབུ་མེད་ཡིག་གཟུགས་སློབ་དེབ》ཅེས་པ་ནི་དུས་ཡུན་རིང་པོའི་སློབ་ཁྲིད་ཀྱི་རྨང་གཞིའི་ཐོག་ནས་ཕྱོགས་བསྡོམས་དང་དཔེ་སྐྲུན་བྱས་པའི་སློབ་གྲྭའི་སློབ་དེབ་ཅུང་འཐུས་ཚང་ཞིང་སྤྱོད་གོ་ཆོད་ཞིག་ཡིན་ལ། སློབ་གླིང་གི་ཁྱད་ལྡན་སློབ་ཚན་མ་ལག་འཛུགས་སྐྱོང་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན།
དེབ་གསར་འགྲེམ་སྤེལ་ཚོགས་འདུའི་ཐོག་སློབ་གླིང་གི་ཕུལ་བྱུང་མཐར་ཕྱིན་སློབ་མ་ཚུལ་ཁྲིམས་ནོར་བུ(ཕྲེང་ཤར་གཉིས་པའི་གཡོན་ནས་དགུ་པ)དང་ཆོས་འཛིན(ཕྲེང་ཤར་གཉིས་པའི་གཡོན་ནས་བརྒྱད་པ)ལ་ཁ་བཏགས་བསྒྲོན་ནས་རྟེན་འབྲེལ་ཞུ་བ།
ཆེད་མཁས་པ་ཚོས་དཔེ་དེབ་གསར་པའི་ནང་དོན་འདེམས་པ་ནས་རྒྱས་བཤད། སྒྲིག་གཞི་ནས་སྐད་ཆའི་བར་ཚང་མས་རྩོམ་པ་པོའི་ནང་བསྟན་རིག་པའི་ཁྱབ་ཁོངས་ཀྱི་མཁྱེན་རྒྱ་ཟབ་མོ་དང་ཐུན་མིན་གྱི་ལྟ་ཚུལ་མངོན་པར་མ་ཟད། རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཧ་ཅང་ཕུན་སུམ་ཚོགས་སུ་ཕྱིན་པའི་ངོས་འཛིན་གནང་། 《དབུ་མེད་ཡིག་གཟུགས་སློབ་དེབ》དེས་བོད་ཡིག་ཡིག་གཟུགས་ཀྱི་གཞི་རྩའི་སྒྱུ་རྩལ་ཁོང་དུ་ཆུད་པ་དང་། བོད་ཡིག་ཡིག་གཟུགས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་རྟོགས་པ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བཅས་བྱ་རྒྱུར་རིན་ཐང་གལ་ཆེན་ལྡན།
སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་དེང་རབས་ཆོས་ལུགས་ཀྱི་སློབ་གླིང་ཞིག་ཡིན་ཞིང་། སློབ་གླིང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། དུས་ཡུན་རིང་པོའི་ནང་ཕུལ་བྱུང་གི་གྲྭ་པ་གསོ་སྐྱོང་བྱ་རྒྱུར་གཞོལ་བ། བསམ་བློ་ཆབ་སྲིད་སློབ་གསོ་དང་། བསྟན་དོན་འགྲེལ་བཤད། ནང་བསྟན་ཞིབ་འཇུག མཚན་གནས་སློབ་གསོ་བཅས་གསར་གཏོད་ངང་སྤེལ་ཏེ་ཕན་འབྲས་བཟང་པོ་ཐོན། ད་ཐེངས་ཀྱི་བྱེད་སྒོ་ནི་ཞིང་ཆེན་རིམ་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་དཔེ་དེབ་གསར་པ་འགྲེམས་སྤེལ་ཚོགས་འདུ་འཚོགས་ཐེངས་དང་པོ་ཡིན།
ཚོགས་ཞུགས་སློབ་མ་རྣམ་པ།
ཚོགས་ཞུགས་དགེ་རྒན་རྣམ་པ།