ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་གོ་ནི་སྔོ་ལྗང་འཕར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར།

སྤེལ་དུས 2024-12-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
      “རྩི་ཤིང་ལོ་འདབས་རྒྱས་ན་རྒྱལ་ཁབ་ཕྱུག་པོ་ཆགས་ཐུབ”ནགས་ཚལ་དང་རྩྭ་ཐང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཐད་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ཐོན་ཡོད།  ནགས་ཚལ་དང་རྩྭ་ཐང་འཕེལ་རྒྱས་ཕྱིན་ན་སྐྱེ་ཁམས་འཕེལ་རྒྱས་འགྲོ་ཐུབ།   གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན།  2023ལོའི་ལོ་མཇུག་བར།  རང་རྒྱལ་གྱི་ནགས་ཚལ་ཁྱབ་ཚད25%ལས་བརྒལ་བ་དང་།  ནགས་ཚལ་གསོག་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར200ལས་བརྒལ་བ།  མི་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ནས་གོ་ལ་ཧྲིལ་པོའི་སྔོ་ལྗང་འཕར་མང་ཤོས་ཀྱི་རྒྱལ་ཁབ་ལ་གྱུར་ཡོད།    
      ནགས་ཚལ་ནི་སྐམ་སའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གཙོ་བོ་དང་ཐོན་ཁུངས་གལ་ཆེན་ཡིན་པ་དང་།  མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་སྐྱེ་ཁམས་ཀྱི་འགན་སྲུང་གལ་ཆེན་ཡིན་ལ།  ཆུ་མཛོད་དང་འབྲུ་མཛོད།  དངུལ་མཛོད།  ཐཱན་མཛོད་བཅས་གཞི་གཅིག་ཏུ་འདུས་པའི་བང་མཛོད་ཆེན་པོ་ཞིག་ཀྱང་ཡིན།  1981ལོའི12%ནས་ད་ལྟའི25%བརྒལ་བའི་བར་དུ།  “ལྗང་མདོག་ཁྱིམ་གཞིས”རྒྱུན་མཐུད་དུ་ཇེ་བརྟན་དུ་སོང་སྟེ།  རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་ཇེ་ཆེར་སོང་ཡོད། 

      ཤིང་འཛུགས་ནགས་སྐྲུན་ནི་བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པའི་བླ་ན་མེད་པའི་བྱ་གཞག་ཅིག་རེད།   དེ་སྔའི་ཧོ་པེའི་སའེ་ཧན་པ་ནི“བྱེ་སེར་གྱིས་ནམ་མཁའ་སྒྲིབ་པ་དང་།  འདབ་ཆགས་གནས་བཅའ་ས་མེད་པའི”ཐང་རྒོད་ཞིག་རེད།  ད་ཆ་མུའུ་ཁྲི་བརྒྱ་ཟིན་པའི་མི་བཟོས་ནགས་ཚལ་ཞིག་ཆགས་ཡོད།   ཧྲན་ཞི་ཡིའུ་ཡུས་རྫོང་དུ་ལོ70ལྷག་ཙམ་རིང་རྒྱུན་འཁྱོངས་ལྷོད་མེད་ངང་ཤིང་འཛུགས་ནགས་སྐྲུན་བྱས་པ་བརྒྱུད།  སྤང་རྩྭ་མེད་པའི་ཁུལ་དེ་ལྕགས་རི་རིང་པོའི་སྟེང་གི་སྔོ་ལྗང་ཁུལ་དུ་གྱུར་ཡོད། “བྱང་གསུམ”འདུ་འགོད་ཁུལ་དུ་ནགས་ཚལ་ཁྱབ་ཚད1978ལོའི5.05%ནས13.84%བར་མཐོ་རུ་ཕྱིན་པ་དང་། མེས་རྒྱལ་བྱང་རྒྱུད་ཀྱི་ལྗང་མདོག་ལྕགས་རི་རིང་པོ་སྔར་བས་བརྟན་དུ་ཕྱིན་ཡོད།  གཙོ་གནད་སྐྱེ་ཁམས་འདུ་འགོད་ལག་བསྟར་བྱས་པ་ནས་དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་བྱེད་པའི་བར་གྱི་ཤིང་འཛུགས་ནགས་སྐྲུན་བར།  ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།   
      ཤིང་འཛུགས་ནགས་སྐྲུན་གྱི་གཞི་ཁྱོན་ཆེན་པོ་དགོས་ལ་སྤུས་ཚད་ཀྱང་མཐོན་པོ་དགོས།  རང་རྒྱལ་གྱིས་ཚན་རིག་དང་མཐུན་ཞིང་། སྐྱེ་ཁམས། གྲོན་ཆུང་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་།  ས་ཁོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ལ་བསམ་གཞིག་གང་ལེགས་བྱེད་པ། ས་ཆ་དང་འཚམ་པ་དང་དུས་བསྟུན་ཁྲིམས་ལུགས་དང་འཚམ་པ་བཅས་བྱས་ནས་ཤིང་སྡོང་རྐང་གཅིག་བཏབ་ཚེ་དེ་གསོན་པོར་གནས་པ་དང་ཡུག་གཅིག་བསྐྲུན་ཚེ་དེ་གྲུབ་པ་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།  རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ཡོད། དེ་དང་ཆབས་ཅིག་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཞིང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དོ་དམ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་སྐྱེ་ཁམས་གྲུབ་འབྲས་སྲུང་སྐྱོང་བྱེད་བཞིན་ཡོད།
      ལྗང་མདོག་མང་དུ་ཕྱིན་ན་དེ་བས་མང་བའི་སྔོ་ལྗང་དང་འབྱོར་ཕྱུག་མཉམ་དུ་དར་བའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་བྲིས་ཡོད།  མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་དགོས་ན་སྔོ་ལྗང་རྒྱ་ཆེར་གཏོང་བ་དང་།  སྔོ་ལྗང་དར་སྤེལ་གཏོང་བ།  སྔོ་ལྗང་ལ་སྲུང་སྐྱོང་བཅས་མཉམ་དུ་བྱེད་དགོས། ལྗང་མདོག་དར་སྤེལ་ཞེས་པ་ནི་སྤུས་ཚད་དང་ཕན་འབྲས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་བསྒྱུར་བའི་ལམ་བུ་རྒྱ་བསྐྱེད་དེ། ནགས་ཚལ་གྱི་“ཆུ་མཛོད་དང་།  དངུལ་མཛོད།  འབྲུ་མཛོད།  ཐཱན་མཛོད”བཅས་མཉམ་འགུལ་སྔར་ལས་ལེགས་པོ་ཡོང་བར་བྱས་ཏེ།  སྐྱེ་ཁམས་ཀྱི་ཕན་འབྲས་དང་།  དཔལ་འབྱོར་གྱི་ཕན་འབྲས།  སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས།   
      ལོ10ཡི་སྔོན། ཤིང་ཨན་ལིང་གཙོ་བོར་བྱས་པའི་ཧེ་ལུང་ཅང་གི་གཙོ་གནད་གཞུང་ཁོངས་ནགས་ཁུལ་དུ་ནགས་ལས་བཟོ་པ་ཁྲི་ཁ་ཤས“ཤིང་གཅོད་མཁན”ནས“ཤིང་སྲུང་མཁན”དུ་གྱུར་ཡོད། མུ་མཐའ་མེད་པའི་ནགས་ཚལ་སོར་ཆུད་སྐྱེ་འཕེལ་ཐུབ་པ་དང་ལྗང་མདོག་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ད་ཆ་ནགས་ཁུལ་གྱི་མི་ཚོར“སྐྱེ་ཁམས་ཀྱི་ཡོང་འབབ”ཐོབ་པ་དང་། “ལྗོན་ཤིང་རྐང་གཅིག་མ་བཅད་པར་སྔར་བཞིན་ཕྱུག་པོ་ཆགས་ཐུབ་པ”མངོན་འགྱུར་བྱུང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་ཡོད།   
     ནགས་རྩྭ་ཐོན་ལས་ནི་ལྗང་མདོག་དམངས་ཕྱུག་ཐོན་ལས་ཤིག་ཡིན་ཞིང་།   ཡུན་ནན་ཏ་ལི་ཡིས“སྟར་ཁ”དེ“ཐོན་ལས་ཆེན་མོར”བསྒྱུར་བར་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར180ལྷག་ཙམ་ཟིན་ནས་ཞིང་དུད་ཁྲི37ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ།   ཀོང་ཞི་ཚེན་ཞི་ཡིས་ནགས་འོག་གསོ་ཚགས་ཀྱི་ཐོན་ལས་སྦྲེལ་ཐག་བཏོད་པར་ལོའི་ཡོང་འབབ་སྒོར་དུང་ཕྱུར3ལྷག་ཙམ་ཟིན་ཡོད།  2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་ནགས་རྩྭའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི9ལས་བརྒལ་ནས་ཤིང་སྨྱུག་ལས་སྣོན་དང་།  ནགས་ཚལ་བཟའ་བཅའ།  ནགས་འོག་དཔལ་འབྱོར།   སྐྱེ་ཁམས་ཡུལ་སྐོར་སོགས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་ཀ་རྟེན་ཐོན་ལས4གྲུབ་ནས་གོ་ལ་ཧྲིལ་པོའི་ནགས་ཤིང་ཐོན་ཟོག་གཙོ་བོའི་ཉོ་ཚོང་དང་།  ཐོན་སྐྱེད།  འཛད་སྤྱོད་བཅས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ཡོད།   
      ནགས་ཚལ་སོགས་སྐྱེ་ཁམས་མ་ལག་གི་སྤུས་ཚད་མཐོ་རུ་ཕྱིན་ཚེ་ད་དུང་ཐཱན་བརྟན་གྱི་ནུས་པ་ཆེན་པོ་ཐོན་ཐུབ།   མིག་སྔར།  རྒྱལ་ཡོངས་ཀྱི་ནགས་རྩྭ་ལོ་རེར་ཐཱན་བསྡུ་ཚད་ཏུན་དུང་ཕྱུར12ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པས།  ཐཱན་བསྡུ་ཉོ་ཚོང་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད།   ཕུའུ་ཅན་སན་མིང་གི་ལེ་རྫོང་པའེ་ལན་གྲོང་རྡལ་གྱི་གླིང་ཧོ་གྲོང་ཚོ་ནས་ཐཱན་བཙོངས་ནས་ཡོང་འབབ་གསོག་ཐབས་ཀྱིས་བཟོས་པའི་གཞུང་ལམ་ཞིག་ཡོད་པ་དེས་རི་སྟེང་གི་སྨྱུག་མ་རྣམས་དུས་ཐོག་དང་སྟབས་བདེའི་ངང་ཕྱིར་དབོར་འདྲེན་ཐུབ་ནས་ལྗང་མདོག་གསེར་བརྟེན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།   རྒྱལ་ཡོངས་ཀྱི་ནགས་ལས་ཐཱན་གྱི་སྤ་སེ་ཐོག་མ་བཟོས་པ་དང་ས་ཁོངས་ལས་བརྒལ་བའི་ཉོ་ཚོང་བྱས་པ་ནས“ཐཱན་བསྡུ་དང་ཚོགས་འདུའི་ཐཱན་ཁྲོད་འཆམ་མཐུན”སོགས་ཀྱི་བཀོལ་སྤྱོད་རྣམ་པ་རྒྱ་སྐྱེད་བཏང་བའི་བར་སན་མིང་ནགས་ལས་ཐཱན་བསྡུ་ཉོ་ཚོང་གི་དངུལ་འབོར་སྒོར་ཁྲི3000ཟིན་ཡོད།   
     གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་རྒྱུན་མཐུད་ངང་ཉུང་དུ་ཕྱིན་པའི་རྒྱབ་ལྗོངས་འོག རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་དང་ནགས་ཚལ་གསོག་འབོར་ལོ་མང་རིང་བསྟུད་མར་གཉིས་ཀ་འཕར་ཡོད།  རྒྱུན་སྲིང་ལྷོད་མེད་ངང་ཚན་རིག་དང་མཐུན་པའི་ངང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་སྤེལ་བ་དང་།  སྔོན་ལ་སྲུང་སྐྱོང་དང་ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ།  མང་ཚོགས་ཀྱི་སྐྱེ་ཁམས་ཐོབ་སྣང་དང་འཕེལ་རྒྱས་ཀྱི་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་སྔར་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད།