ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཆའོ་ཧྲི་འཁྲུངས་ནས་ལོ100འཁོར་བར་དྲན་གསོའི་བཞུཊ་མོལ་ཚོཊ་འདུ་འཚོཊ།

སྤེལ་དུས 2024-12-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       ཀྲུང་གུང་ཀྲུང་དབྱང་གིས་ཚེས16ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས། བློ་མཐུན་ཆའོ་ཧྲི་སྐུ་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས། ད་ཆ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་པ་དང་། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་འབད་འཐབ་བྱས་པའི་མཛེས་སྡུག་ལྡན་པའི་ཕུགས་བསམ་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་བཞིན་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། བློ་སེམས་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་བྱས་ཏེ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་འཇོག་དགོས་ཞེས་ནན་སྟོན་གནང་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་དང་ལི་ཞི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

       ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་རླབས་ཆེན་འཕེལ་རིམ་ཁྲོད་ཕུལ་དུ་བྱུང་བའི་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་ཐོན་པ་དང་། བློ་མཐུན་ཆའོ་ཧྲི་ནི་ཁོང་ཚོའི་ཁྲོད་ཀྱི་ཁྱད་དུ་འཕགས་པའི་འཐུས་མི་ཞིག་ཡིན། ཁོང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེ་དང་དམག་འཐབ། འོད་སྟོང་འབར་བ་བཅས་ཀྱི་སྐུ་ཚེ་ཧྲིལ་པོ་ཞིག་དང་། བདེན་དོན་བརྩོན་ལེན་དང་ཡར་རྒྱས་དོན་གཉེར། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་དོན་དུ་འབད་འཐབ་བཅས་གནང་བའི་སྐུ་ཚེ་ཧྲིལ་པོ་ཞིག་ཡིན། ཁོང་གིས་ཏང་དང་མི་དམངས་ཀྱི་ཆེད་དུ་བཞག་པའི་མཛད་རྗེས་ང་ཚོས་ནམ་ཡང་བློ་ལ་ངེས་འོས་པ་དང་། ཁོང་གི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་ཉམས་འགྱུར་ལ་ང་ཚོས་སློབ་སྦྱོང་ཞུ་འོས་པ་ཞིག་ཡིན་ཞེས་བསྟན་གནང་ཡོད།

       ཞི་ཅིན་ཕིང་གིས། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི། ཁོང་གི་དད་སེམས་བརྟན་སྲུང་དང་ཕུགས་བསམ་ཆེད་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་གཤིས་རྒྱུད་ལ་སློབ་སྦྱོང་ཞུ་དགོས་པ་དེ་ཡིན། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཚེ་གང་གི་བརྗོད་བྱ་ཞིག་ཏུ་བརྩིས་ནས། རྟག་ཏུ་བློ་སྦྱོང་དང་རྟག་ཏུ་སྦྱོང་བརྡར། རྟག་ཏུ་གོ་རྟོགས་སད་པ། རྟག་ཏུ་ཡར་རྒྱས་ཡོང་བ་བཅས་ཀྱིས་སྔ་ཕྱི་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་སྲུང་བྱས་ཏེ། ཚོད་བགམ་དྲག་པོ་ཐེག་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

       ཞི་ཅིན་ཕིང་གིས། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི། ཁོང་གི་ཏང་སྲོལ་ཡོ་བསྲང་དང་ཏང་གི་སྒྲིག་ཁྲིམས་ནན་པོ་སྲུང་བའི་འགྱུར་མེད་ཀྱི་ཏང་གཤིས་ལ་སློབ་སྦྱོང་ཞུ་དགོས་པ་དེ་ཡིན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད།

       ཞི་ཅིན་ཕིང་གིས། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི། ཁོང་གི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་དམངས་ཆེད་སྲིད་བརྩོན་གྱི་བླ་ན་མེད་པའི་གཤིས་རྒྱུད་ལ་སློབ་སྦྱོང་ཞུ་དགོས་པ་དེ་ཡིན། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག མི་དམངས་ལ་བདེ་སྐྱིད་བསྐྲུན་གང་ཐུབ་བཅས་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་ཕན་པ་བསྐྲུན་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

       ཞི་ཅིན་ཕིང་གིས། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི། ཁོང་གི་བསྒྱུར་བཅོས་ཀྱི་བློ་སྟོབས་དང་བྱས་རྗེས་འཇོག་ཕོད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་སློབ་སྦྱོང་ཞུ་དགོས་པ་དེ་ཡིན། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ་དང་། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བསྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་ཧུར་ཐག་ངང་རྩོམ་དགོས་ཞེས་བསྟན་གནང་ཡོད།

       ཞི་ཅིན་ཕིང་གིས། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི། ཁོང་གི་ཁྲིམས་སྐྱོང་ལ་བརྩི་བཀུར་དང་ཁྲིམས་སྐྱོང་ནན་བསྟར་གྱི་མཐར་ཐུག་གི་རེ་སྙེགས་གནང་སྟངས་ལ་སློབ་སྦྱོང་ཞུ་དགོས་པ་དེ་ཡིན། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་པོ། གཞུང་དྲང་ཁྲིམས་བསྟར། དམངས་ཡོངས་ཀྱིས་ཁྲིམས་འཛིན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་གི་ལམ་བུའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

       ཞི་ཅིན་ཕིང་གིས། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི། ཁོང་གི་དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དངོས་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ལ་སློབ་སྦྱོང་ཞུ་དགོས་པ་དེ་ཡིན། ཐོག་མཐའ་བར་གསུམ་དུ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས། བློ་སེམས་གཅིག་སྒྲིལ་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན་གནང་ཡོད།

       ཀྲའོ་ལེ་ཅིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་བློ་མཐུན་ཆའོ་ཧྲིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། བློ་མཐུན་ཆའོ་ཧྲིའི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་ཉམས་འགྱུར་ལ་སློབ་སྦྱོང་ཞུ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། གསུང་བཤད་ཀྱིས་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་བཏོད་པའི་བྱ་གཞག་དེ་དག་ང་ཚོས་རྒྱུད་འཛིན་དང་གོང་འཕེལ་གཏོང་བ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཏང་དང་མི་དམངས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་ཡོད།

       བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་འགོ་འཛིན་ཆུས་ཆིང་ཧྲན་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སུན་ཤིན་དབྱང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ལིའུ་ཆི། ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་སྤྱི་ཀུང་ཀྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ།

       ལི་ཀན་ཅེ་དང་། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཁྲེན་ཝེན་ཆིང་། ཝང་ཞའོ་ཧུང་། ཧའོ་མིང་ཅིན། སུའུ་ཧུའེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

       ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་དང་། བློ་མཐུན་ཆའོ་ཧྲིའི་གཉེན་ཉེ་དང་། སྐུ་འཚོ་བཞུགས་སྐབས་ཀྱི་མཛའ་མི། སྐུ་བཅར་གྱི་ལས་དོན་པ། ཕ་ཡུལ་གྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།


 

རྩོམ་སྒྲིག་པ། མང་ག་མཚོ།