རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ལས་དོན་ཚོགས་འདུའི་ཐོག་གཞི་ཆེའི་སྲིད་ཇུས་ཀྱི་དུས་འཁོར་ལྡོག་པ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ལུགས་བཏོན་པ།
སྤེལ་དུས 2024-12-18
ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། སང་ལོ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གཞི་ཆེའི་སྲིད་ཇུས་ཀྱི་དུས་འཁོར་ལྡོག་པ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སྔར་བས་དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། གཞི་ཆེའི་སྲིད་ཇུས་ཀྱི་བླང་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་པོའི་ངང་འཕེལ་བ་དང་། གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། འཕེལ་ཕྱོགས་རྒྱུན་མཐུད་ལེགས་སུ་འགྲོ་བ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད། ཚེས་13ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ལས་དོན་ཚོགས་འདུའི་ཐོག་སང་ལོའི་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་ཇི་མ་ཇི་བཞིན་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད།
ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་ཤིང་། “གལ་ཆེན་གཉིས”འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཕན་འབྲས་ལྡན་པའི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན། གསར་དུ་འཕར་བའི་ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་སོགས་ཀྱི་འཛུགས་སྐྲུན་མ་དངུལ་སྣ་ཚོགས་སྤྱི་འདོམས་ངང་ཡག་པོ་སྤྱོད་པ། ལས་འབོར་དངོས་དེ་བས་མང་བ་མགྱོགས་མྱུར་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྣམ་གྲངས་གལ་ཆེན་དམངས་ཁྲོད་ཀྱི་མ་རྩར་འདྲེན་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། “གསར་གཉིས”ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་ཡར་སྐུལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས།
ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཤིང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་གཙོ་གནད་སྒྱུར་བཅོས་འགག་སྒྲོལ་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་མངོན་གསལ་དོད་དུ་བཏང་ནས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་གསར་པ་བཟོ་བཅོས་བརྒྱབ་ནས་འདོན་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་གང་མགྱོགས་འདོན་དགོས།