ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད་པ།

སྤེལ་དུས 2024-12-18 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  2024ལོར་རང་རྒྱལ་གྱི་འབྲུ་རིགས་ཀྱི་ལོའི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཡི་སྐས་རིམ་གསར་པར་ཐེངས་དང་པོར་སླེབས་ནས་ཐོན་འཕར་བྱུང་བ་རེད།
  འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་ལ་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པར་འགན་ལེན་བྱས་པ།
  ལོ་འགོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང“རྒྱལ་ཁབ་ཀྱི་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན”བྱ་རྒྱུ་དེ་མུ་མཐུད་ཨང་དང་པོར་བཞག་སྟེ། “འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་པ”བྱ་རྒྱུ་དེ་2024ལོའི་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོའི་ནང་བཅུག་པ་དང་། སྲིད་ཇུས་སྦབ་ཆ་གཅིག་གིས་ཁ་ཕྱོགས་གཏན་འཁེལ་ངང་ནུས་ཤུགས་འདོན་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
  མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོ་དང་སྔ་སྨིན་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་མཐོ་རུ་མུ་མཐུད་བཏང་བ། རྒྱལ་ཡོངས་ནས་འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་མ་གནས་ཆ་ཚང་གི་འགན་བཅོལ་དང་འདེབས་འཛུགས་ཡོང་འབབ་ཀྱི་འགན་བཅོལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་མུའུ་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ་དང་འབྲུ་རིགས་ཐོན་སྐྱེད་ཀྱི་རྫོང་ཆེན་པོར་མ་དངུལ་ཆ་སྒྲིག་གི་བླང་བྱ་མེད་པར་བཟོས་ནས། ས་གནས་ཀྱིས་ཞིང་ལས་ལ་མཐོང་ཆེན་དང་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ་དང་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་པ་རེད།
  ལམ་སྲོལ་ལེགས་སུ་བཏང་ཞིང་། རྨོ་ཞིང་ལ་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱས་ནས་རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་བས། རྒྱལ་ཡོངས་ཀྱི་རྨོ་ཞིང་བསྡོམས་འབོར་ལོ་གསུམ་བསྟུད་མར་དངོས་སུ་གཙང་འཕར་བྱུང་ཡོད། འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས། རྩ་བ་བརྟན་གཏོང་དང་། སྔོན་དཔག་བརྟན་གཏོང་། ཕུགས་ལ་ཕན་པ་བཅས་བྱུང་བ་རེད། 《རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་མཐོར་གཏོང་བྱ་སྤྱོད་ཇུས་གཞི(2024ནས་2030ལོ་བར)》དངོས་སུ་བཏོན་ཏེ། རྨོ་ཞིང་ལ་སྲུང་སྐྱོང་དང་། ཚན་རྩལ་གསར་གཏོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་་སོགས་ནས་འགོ་བཙུགས་ཏེ་འབྲུ་རིགས་ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད།
  མཉམ་དུ་སྔོན་འགོག་བྱས་ཤིང་། ད་ལོ་འབྲུ་རིགས་ཐོན་སྐྱེད་བྱེད་རིང་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གནམ་གཤིས་དང་། ཆུ་བེད། འཕྲལ་སྡོམ་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་སྲོལ་བཙུགས་པ་དང་མཉམ་དུ་སྔོན་ཇུས་བཟོས་ཏེ་ཁྱིམ་ཚང་ཞིང་རར་གནམ་གཤིས་གནོད་འཚེའི་སྔོན་བརྡའི་ཆ་འཕྲིན་ཐད་ཀར་མཁོ་འདོན་ཐུབ་པ་བྱས་ཡོད། ཞིང་ཆེན་31གིས་གེགས་འགོག་གེགས་སེལ་གྱི་ཞིང་འཕྲུལ་གསོག་འཇོག་དང་བསྡུ་སྤྱོད་ལམ་ལུགས་བཙུགས་ནས་ས་ཁོངས་རང་བཞིན་གྱི་གནམ་གཤིས་གནོད་འཚེར་མཉམ་དུ་ཁ་གཏད་བཅག་པ་རེད།
  བྱེད་ཐབས་ཏན་ཏིག་སྤྱད་ཅིང་། འགག་རྩའི་ཞིང་ལས་དུས་ཚིགས་སུ་ཞིང་ལས་དང་གྲོང་གསེབ་པུས་ལས་དོན་ཚོགས་ཆུང་50ལྷག་ཙམ་དང་ཚན་རྩལ་ཡན་ལག་རུ་ཆུང་28བཙུགས་ནས་ཐོན་སྐྱེད་ཁུལ་གཙོ་བོར་སྐྱོད་དེ་ལོ་ཏོག་དང་། ས་ཁོངས། ལྷུ་ཚིགས་བཅས་དབྱེ་ནས་ལག་རྩལ་དང་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་པ་རེད།
  མུའུ་རེའི་འབྲུ་རིགས་ཐོན་འབོར་མང་གཏོང་དང་སྤུས་ཚད་མཐོར་གཏོང་གི་བར་མཐོངས་གསར་པ་བཏོད་པ།
  ད་ལོའི་སྟོན་བསྡུའི་རིང་ས་གནས་ཁག་ནས་གཏམ་བཟང་ཡང་ཡང་གྲགས་ཤིང་། ནང་སོག་རང་སྐྱོང་ལྗོངས་ཐུང་ལེའོ་གྲོང་ཁྱེར་དུ་ཨ་གཤོམ་མུའུ་རེའི་ཐོན་འབབ་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་མུའུ་ཁྲི་ཡི་མུའུ་རེའི་ཐོན་འབབ་སྤྱི་རྒྱ1247.22ཟིན་ནས་ཟིན་ཐོ་གསར་པ་བཏོད་པ་རེད།
  ཀོང་ཏུང་ཞིང་ཆེན་ཤིང་ཉིང་གྲོང་ཁྱེར་ཡུང་ཧོ་གྲོང་རྡལ་ཧྲ་ཕིང་གྲོང་ཚོ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་མུའུ་300ཡོད་པའི་སྤུས་ལེགས་ཆུ་འབྲས་དཔེ་སྟོན་ཁྱབ་གདལ་རྟེན་གཞི་ཐོག་མ་དེ་ཡིན་ཞིང་། ཐོན་མཐོའི་སྤུས་ལེགས་ཆུ་འབྲས་ཀྱི་དུས་ཚིགས་གཉིས་ཀྱི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་1400ལས་བརྒལ་ནས་སྤྱི་རྒྱ1446.18ཟིན་ཏེ་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་རེད།
  ཧོ་ནན་དུ་ཞིང་ཆེན་གྱི་ཞིང་ལས་སོན་བཟང་གི་མཉམ་འབྲེལ་འགག་སྒྲོལ་རྣམ་གྲངས་སྤེལ་ནས་ལོ་གཉིས་ལྷག་ཙམ་སོང་ཞིང་། ཐོན་འབབ་མཐོན་པོ་དང་། ཐོན་ཚད་བརྟན་པོ། མཐུག་འདེབས་ལ་འཚམ་པ། ནད་འབུའི་གནོད་འཚེ་འགོག་ནུས་ཆེ་བ་བཅས་ཀྱི་སྣ་ཁ་གསར་པས་ཨ་གཤོམ་གྱི་མུའུ་རེའི་ཐོན་འབབ་མང་དུ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད། ད་ལོའི་ཟླ་6པར་གྲོའི་སྣ་ཁ་གསར་པ་135ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་ཁས་ལེན་ཐོབ་པ་རེད།
  “ང་ཚོས་གཞི་ཁྱོན་ཆེ་བའི་མཐུག་འདེབས་གནད་སྨིན་སྙོམས་སྒྲིག་གི་ཐོན་མཐོའི་འདེབས་གསོའི་ལག་རྩལ་སྤྱད་པ་དང་རིགས་གཅིག་མཁས་ཅན་དང་ཞིང་ལས་ལག་རྩལ་པས་ལག་རྩལ་མཛུབ་ཁྲིད་བྱས་པས། མུའུ་བརྒྱར་མུའུ་རེའི་ཐོན་འབབ་སྤྱི་རྒྱ་800ལས་བརྒལ་བ་དང་མུའུ་ཁྲིར་མུའུ་རེའི་ཐོན་འབབ་སྤྱི་རྒྱ་700ཟིན་ཡོད”ཅེས་ཧོ་པེ་ཞིང་ཆེན་ཤིང་ཐའེ་གྲོང་ཁྱེར་ནན་ཧོ་ཆུས་ཅིན་ཧྲ་ཧོ་ཞིང་ལས་ལོ་ཏོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བ་ཝང་ཧའོ་ནན་གྱིས་བཤད། གྲངས་གཞི་ལས་མངོན་པར། ད་ལོ་མུའུ་རེའི་ཐོན་འབབ་འཕར་བ་དེས་ཐོན་འཕར་ལ་ལེགས་སྐྱེས་ཕུལ་ཚད་བཅུ་ཆ་བརྒྱད་ཡན་ཟིན་ཡོད་པ་རེད། ཞིང་ལས་དང་གྲོང་གསེབ་པུའི་ཚན་རིག་ལག་རྩལ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ད་ལོ་ཞིང་ལས་ཀྱི་སྣ་ཁ་གཙོ་བོ་150དང་། ཁྱབ་གདལ་གཙོ་བོ་གཏོང་བའི་ལག་རྩལ་ཁག་150 ཁྲིད་སྟོན་རང་བཞིན་གྱི་ལག་རྩལ་གལ་ཆེན་ཁག་10བཅས་ཁྱབ་བསྒྲགས་བྱས་པའི་ནང་སྲན་ཆེན་དང་། ཨ་ཤོམ། གྲོ པད་ཁ་སོགས་ལོ་ཏོག་སྣ་ཁ་དང་དེ་བཞིན་མུའུ་རེའི་ཐོན་འབབ་མཐོར་གཏོང་ལག་རྩལ་གྱིས་40%ཡན་ཟིན་ཡོད་པ་རེད།
  འབྲུ་རིགས་ཐོན་སྐྱེད་ཀྱི་འགུལ་ནུས་དང་གསོན་ཤུགས་འཕེལ་བར་བྱས་པ།
  ཧྲན་ཏུང་ཞིང་ཆེན་ཅ་ཞང་རྫོང་ཅིན་ཐུན་གྲོང་རྡལ་དུ་ཧྥེང་ཏི་ཁྱིམ་ཚང་ཞིང་རའི་ཆུ་འབྲས་ཞིང་ནང་ནས་དྲ་ཐོག་ཏུ་འདོན་འགོ་ཚུགས། ཁྱིམ་ཚང་ཞིང་རའི་སྦྱིན་བདག་ཀྲང་ཁྲུན་ཅེས“ང་ཚོས་བཏབ་པའི་འབྲས་ཀྱི་སྤུས་ཚད་ལེགས་པས་རིན་གོང་འབྲས་དཀྱུས་མའི་ལྡབ་3རེད”ཅེས་བཤད། ཅིན་ཐུན་གྲོང་རྡལ་ལུའུ་ལོའུ་གྲོང་ཚོར་ད་ལོ་འབྲས་ལས་སྣོན་དང་དྲ་ཐོག་ཐད་གཏོང་གི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་གྲོང་མི་40ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།
  ཧུའུ་ནན་ཞིང་ཆེན་ཉིང་ཤང་གྲོང་ཁྱེར་ཅིན་ཀྲོའུ་གྲོང་རྡལ་ཅན་ལུའོ་གྲོང་ཚོའི་ཉིང་ཤང་ཡོན་ཧུའུ་ཞིང་འཕྲུལ་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་གིས་ད་ལོ་ཉེ་འཁོར་གྱི་ཞིང་དུད་ཀྱི་འབྲས་ཞིང་མུའུ་ཁྲི་1ལྷག་ཙམ་ལ་གཡོག་བྱེད་བྱས་པ་མ་ཟད། ད་དུང་སྲོ་སྐམ་གསོག་ཉར་དང་། མངགས་ཐོ། སྤུས་རྟགས་ཅན་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲས་ཀྱི་ཚོང་ལམ་རྒྱ་ཆེར་བཏང་བ་རེད། འབྲུ་འདེབས་མཉམ་ལས་ཁང་ཁྲི་55.1དང་། འབྲུ་འདེབས་ཁྱིམ་ཚང་ཞིང་ར་ཁྲི་174.9 གཉེར་སྐྱོང་བྱེད་པོ་ཁྲི་109.4བཅས་ལ་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུས་པ་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྣ་ཚོགས་ཀྱིས་རྒྱ་ཆེའི་ཞིང་དུད་ཆུང་གྲས་ཀྱི་སྣེ་ཁྲིད་དེ་སྤུས་ལེགས་འབྲུ་རིགས་མང་པོ་བཏབ་པ་རེད།
  ཧེ་ལུང་ཅང་ཞིང་ཆེན་པའོ་ཆིང་རྫོང་དུ་དབན་ལི་རུན་ཏ་སྐྱེ་དངོས་ཚན་རྩལ་ཀུང་སིས་ཞིང་དུད་ནས་ཨ་གཤོམ་མང་པོ་ཉོས་པ་རེད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐང་ཀྲི་ཕུའུ་ཡིས། ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད། ཨ་གཤོམ་བཟའ་བཅའི་ཆང་རྩི་དང་། ལའེ་ཨན་སྐྱུར། སྤྲི་དཀར་མཐོ་བའི་གཟན་ཆག་སོགས་སྣ་ཁ་མང་པོར་འགྱུར་ནས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60ཟིན་གྱི་ཡོད། 2023ལོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ཁྲི་9ལས་བརྒལ་བ་དང་ལས་རིགས་ཡོངས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་20.3ཟིན་ནས། འབྲུ་རིགས་ཐོན་ལས་འཁོར་སྦྲེལ་དང་རིན་ཐང་འཁོར་སྦྲེལ་སྣུར་བསྲིང་དང་ཐོན་ལས་ཀྱི་མཉེན་ཤུགས་དང་ཁྲོམ་རའི་འགྲན་ནུས་ཆེ་རུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།