ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱིས་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ།

སྤེལ་དུས 2024-12-18 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། ད་ལོའི་ཟླ་4པར་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་སོགས་སྡེ་ཚན་4ཡིས་ས་གནས་ཁག་ཏུ་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་དང་། མིག་སྔའི་བར་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཁག་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།
  བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་11པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཤ་རིགས་ཐོན་རྫས་ཀྱི་འབྲེལ་ཡོད་ཐེར་འདོན་ཁག་ཁྲི་1.4འབྱོར་ནས་ཐེར་འདོན་བྱས་པ་ལས་གནད་དོན་ཁག་4000ལྷག་ཙམ་རྩད་ཆོད་ཐུབ་པ་དང་། སྲིད་འཛིན་ཁྲིམས་སྒྱུར་གྱིས་གྱོད་གཞི་ཁྲི་1.4ཐོ་འགོད་བྱས་པར་གྱོད་འབྲེལ་དངོས་རྫས་ཏུན་9000ལྷག་ཙམ་དང་གྱོད་འབྲེལ་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་9.3རྩད་ཆོད་ནས་སྒོར་དུང་ཕྱུར་3.5དངུལ་ཆད་དང་གཞུང་བཞེས་བཏང་བ། ཡོང་ཁུངས་གསལ་པོ་མེད་པ་དང་ནད་ཡམས་ཞིབ་བཤེར་མ་བྱས་པའམ་ཡང་ན་ནད་ཡམས་ཞིབ་བཤེར་གྱི་ཚད་གཞི་མ་ལོན་པའི་ཤ་རིགས་ཀྱི་གྱོད་གཞི་2700ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་ཚགས་ཤ(ལུག་དང་བོང་བུ)རྫུས་མའི་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་གྱོད་གཞི་1000ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བྱས་པ། སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་གྱོད་དོན་2400ལྷག་ཙམ་ལ་ཐོ་འགོད་བྱས་པ་དང་ཉེས་གསོག་དོགས་ཅན་6000ལྷག་ཙམ་འཛིན་བཟུང་བྱས་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་དང་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་མུ་མཐུད་བརྒྱབ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་མཐར་ཕྱིན་བྱས་ཏེ། ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཤ་རིགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་རེད།