མངོན་མིན་རིག་གནས་ཤུལ་བཞག་གི་ལ་གླུ་བླངས་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
སྤེལ་དུས 2025-02-07
ཡོང་ཁུངས།
རྩོམ་པ་པོ།
ཉིན་ཤས་བསྟུད་མར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏ་ཤིན་རྫོང་ཏེ་ཐེན་གྱི་རྒྱལ་སྒྲོལ་རྦབ་ཆུའི་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་རྒྱན་གོས་ལེགས་པར་སྤྲས་པའི་ཀྲོང་རིགས་ཀྱི་ལ་གླུ་གཏོང་མཁན་དང་ཡུལ་སྐོར་བས་མཉམ་དུ་གླུ་ལེན་གར་འཁྲབ་བྱས་ནས་ཕྱོགས་བཞིའི་ཡུལ་སྐོར་བར་བསུ་བ་ཞུ་བཞིན་ཡོད། ལྷག་པར་དུ་ས་གནས་དེ་གའི་དམངས་ཁྲོད་གཞས་པ་གཞས་མ་ལས་གྲུབ་པའི་ཏེ་ཐེན་ཀྲོང་རིགས་ཕ་ཡུལ་གྱི་ལ་གླུའི་སྐུ་མགྲོན་ཕེབས་བསུ་རུ་ཁག་གིས་ཏེ་ཐེན་གྱི་རྒྱལ་སྒོར་གླུ་དབྱངས་ཅི་དགར་བླངས་ནས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཡོད།
དཔྱིད་གསར་དུས་ཆེན་རིང་། ཏ་ཤིན་རྫོང་ཏེ་ཐེན་མཛེས་ལྗོངས་ཁུལ་དང་། མིང་ཧྲི་ཞིང་ཁ། ཏུང་ནཱ་ཡུས་དབན་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ“མངོན་མིན་རིག་གནས་ཤུལ་བཞག་གིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ། ལ་གླུ་བླངས་ནས་སྐུ་མགྲོན་ལ་བསུ་བ་ཞུ”ཞེས་པའི་བྱེད་སྒོ་ཁྱབ་གདལ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཚ་རླབས་ཤིག་འཕྱུར་བར་བྱས་ཡོད།
“ཏེ་ཐེན་རྦབ་ཆུའི་མཛེས་ལྗོངས་ཁུལ་ཧ་ཅང་མཛེས་པོ་འདུག ང་ཚོས་ད་དུང་ཏ་ཤིན་གྱི་ས་གནས་དེ་གའི་ཀྲོང་རིགས་གླུ་པ་དང་མཉམ་དུ་ཀྲོང་རིགས་ཀྱི་ལ་གླུ་བླངས་ནས་ཐུན་མོང་མ་ཡིན་པའི་ལ་གླུ་འཁྲབ་སྟོན་བྱས་པས། ང་ཚོས་ཀྲོང་རིགས་ཡུལ་གྱི་དཔྱིད་གསར་དུས་ཆེན་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་ཐུབ་བྱུང”ཞེས་ཧུའུ་ནན་ནས་ཡོང་བའི་ཡུལ་སྐོར་བ་ཨ་ཅག་ཧོང་ལགས་ཀྱིས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཏ་ཤིན་རྫོང་གི་ཀྲོང་རིགས་ཀྱི་སྒྲ་གདངས་མཐོ་བའི་ལ་གླུ་གཏོང་སྲོལ་ཐང་རྒྱལ་རབས་དུས་ནས་དར་འགོ་ཚུགས་པ་དང་། ད་བར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། ཀྲོང་རིགས་ཀྱི་སྒྲ་གདངས་མཐོ་བའི་ལ་གླུ་ནི་ཏ་ཤིན་རྫོང་གི་ཐའོ་ཁྲེང་དང་། ལུང་མོན། ལན་ཡུས། ན་ལིང་། ཨེན་ཁྲེང་སོགས་ཤང་དང་གྲོང་རྡལ་དུ་དར་ཁྱབ་བྱུང་བ་དང་། དེ་ནི་ས་གནས་དེ་གའི་ཀྲོང་རིགས་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་མི་ཆད་པར་བླངས་པའི་དམངས་ཁྲོད་ཀྱི་ལ་གླུ་ཡིན་ལ། ཀྲོང་རིགས་ལ་གླུའི་ཕུལ་བྱུང་ཚབ་མཚོན་གྱི་གྲས་ཤིག་ཡིན་པས་ཀོང་ཤིས་ཀྱི་དམངས་ཁྲོད་ལ་གླུའི་ཁྲོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ཡིན། 2010ལོར་ཏ་ཤིན་ཀྲོང་རིགས་ཀྱི་སྒྲ་གདངས་མཐོ་བའི་ལ་གླུ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གསུམ་པའི་ཚབ་མཚོན་རང་བཞིན་གྱི་མིང་གཞུང་ནང་བདེ་བླག་ངང་བདམས་ཡོད།