ལྕགས་རི་རིང་པོའི་འདབས་སུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་འཛོམས།
སྤེལ་དུས 2025-02-07
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། པེ་ཅིང་ཡན་ཆིང་ཆུས་པ་ཏཱ་ལིང་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་མདོར་སླེབས་སྐབས།“ཁྱིམ་གཞིས་སྲུང་བ་ལྟར་ལྕགས་རི་རིང་པོ་ཡག་པོ་སྲུང་དགོས”ཞེས་པའི་ཡིག་འབྲུ་མིག་མདུན་དུ་གསལ་པོར་མཐོང་རྒྱུ་འདུག རི་རྩེ་ནས་བལྟས་ན་ལྕགས་རི་རིང་པོ་འདི་ཉིད་གཡུ་འབྲུག་སྔོན་མོ་ཞིག་དང་འདྲ་བར་རྒྱང་རིང་གི་ཕྱོགས་སུ་འཁྱུག་ལྡིང་བྱེད་པ་ལྟར་སྣང་། རི་འདབས་སུ་དམར་མདངས་བཀྲ་བའི་ཀྲུང་གོའི་ལོ་གསར་གྱི་མཛེས་རྒྱན་དང་གནའ་བོའི་བབ་ཆགས་དང་བག་ཕེབས་ཀྱི་ལྕགས་རི་རིང་པོའི་རིག་གནས་གཞི་རྒྱུས་གནའ་བོའི་གྲོང་ཚོ་དེར་མཛེས་རྒྱན་རབ་ཏུ་སྤྲས་ཡོད།
གྲོང་ཚོའི་མདོར་ལྕགས་རི་རིང་པོའི་སྲུང་སྐྱོང་བ་ལིའུ་ཧུང་ཡན་ལྕགས་རི་རིང་པོར་སྐོར་སྲུང་བྱས་ནས་ཕྱིར་ལོག་མ་ཐག་རེད། དེ་རྗེས་ཁོ་མོ“བོང་བུ་འདེད་མཁན”གྱི་དམངས་སྲོལ་ལེ་ཚན་གྱི་འཁྲབ་སྟོན་པར་གྱུར་ཏེ“ལྕགས་རི་རིང་པོའི་འདབས་ཀྱི་ཀྲུང་གོའི་ལོ་གསར”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཞུགས་ནས། རང་ཉིད་སྤྲོ་སྣང་འཕེལ་བར་བྱས་ཡོད་ལ་ཡུལ་སྐོར་བ་ཚོར་ལྕགས་རི་རིང་པོའི་རིག་གནས་དང་དམངས་སྲོལ་རིག་གནས་མངོན་པར་ཡང་བྱས་ཡོད།
ཧྲི་ཞ་གྲོང་ཚོར་ད་ལྟ་མི་ཚང་མས་ལྕགས་རི་རིང་པོའི་གཏམ་རྒྱུད་དུམ་བུ་ཞིག་ཤོད་ཐུབ་ཀྱི་ཡོད། “ང་ཚོས་ད་དུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས‘པ་ཏཱ་ལིན་ལྕགས་རི་རིང་པོའི་ངག་རྒྱུན’གྱི་རྒྱུན་འཛིན་མི་སྣ་གདན་འདྲེན་ཞུས་ནས་གྲོང་ཚོའི་ཨུ་ལྷན་གཉིས་དང་ལྕགས་རི་རིང་པོའི་སྲུང་སྐྱོང་མི་སྣར་དུས་ཡུན་ཉིན་དགུའི་ལྕགས་རི་རིང་པོའི་ལོ་རྒྱུས་དང་རིག་གནས་ཆེད་དོན་གསོ་སྦྱོང་སྤེལ་བ་ཡིན”ཞེས་ཧྲི་ཞ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཧན་ཏུང་གིས་བཤད།
ལྕགས་རི་རིང་པོར་བརྟེན་ནས་ཆགས་པ་དང་ལྕགས་རི་རིང་པོར་བརྟེན་ནས་དར་རྒྱས་བྱུང་ཞིང་། ལྕགས་རི་རིང་པོར་སྲུང་སྐྱོང་བྱས་པ་ལས་ལྕགས་རི་རིང་པོའི་འདབས་ཀྱི་རི་གྲོང་ཆུང་ཆུང་དེར་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་བ་དང་། ལོ་རབས་མང་པོ་ཕྱིན་པའི་རྡོ་གཡམ་ལམ་དང་། གནའ་བོའི་གསོན་ཉམས་ལྡན་པའི་ལྕགས་རི་རིང་པོའི་ཚར་ལྕོག གནའ་བོའི་ཉམས་འགྱུར་ལྡན་པའི་གྲོང་མིའི་སྒོ་ར་སོགས་ལྕགས་རི་རིང་པོའི་རིག་གནས་ཀྱི་གཞི་རྒྱུས་ཁེངས་པའི་ཧྲི་ཞ་གྲོང་ཚོས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་གྱི་ཡིད་དབང་འཕྲོག་བཞིན་ཡོད།
ལི་ཧན་ཏུང་གིས“ང་ཚོའི་གྲོང་ཚོ་ནི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་གཉིས་པ་ཡིན། དམངས་སྲོལ་གནས་ཚང་ཉེ་རིང་གང་སར་སྐད་གྲགས་ཆོད་པ་མ་ཟད། ལྕགས་རི་རིང་པོའི་རིག་གནས་དང་། བཟའ་བཏུང་རིག་གནས། མངོན་མིན་རིག་གནས་ཤུལ་བཞག་རིག་གནས་བཅས་ཀྱང་སྣ་མང་ཕུན་སུམ་ཚོགས་པོ་ཡོད། ལྕགས་རི་རིང་པོའི་ཐོན་ཁུངས་ལས་ང་ཚོར་ཡུལ་སྐོར་གྱི་ཡོང་འབབ་རག་་བྱུང”ཞེས་བཤད།