ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་ཀྱི་ལུས་རྩལ་པ་3གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོཊ་ཐོག་་་

སྤེལ་དུས 2022-01-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         བོད་ལྗོངས་ལུས་རྩལ་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་གངས་འཁྱགས་རྣམ་གྲངས་ཀྱི་ལུས་རྩལ་པ་3གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཞུང་ཕྱོགས་ཀྱི་ཚོད་ལྟའི་གངས་ཤུད་པ་དང་རྒྱལ་ནང་གི་ལག་རྩལ་མི་སྣའི་འགན་འཁུར་ནས་འགྲན་བསྡུར་ལ་འགན་ལེན་ཞབས་ཞུ་བསྒྲུབ་རྒྱུ་རེད། དེའི་ནང་ཉི་མ་དབྱངས་ཅན་གྱིས་རྐྱང་ལེབ་གངས་ཤུད་འགག་གྲོལ་རྗེས་སྙེག་རྣམ་གྲངས་ཀྱི་གཞུང་ཕྱོགས་ཀྱི་ཚོད་ལྟའི་གངས་ཤུད་པ་དང་། བསྟན་འཛིན་དབང་འདུས་དང་རབ་རྒྱས་ཀྱིས་བྱེས་བགྲོད་གངས་ཤུད་རྣམ་གྲངས་ཀྱི་གཞུང་ཕྱོགས་ཀྱི་ལག་རྩལ་མི་སྣ་དང་། གཞུང་ཕྱོགས་ཀྱི་སྣེ་ཁྲིད་འདྲེད་ཤུད་པ། NTOསྟེ་རྒྱལ་ནང་གི་ལག་རྩལ་མི་སྣ་བཅས་ཀྱི་འགན་འཁུར་རྒྱུ་རེད་འདུག
         ད་རེས་མངགས་གཏོང་བརྡ་ཐོ་འབྱོར་བའི་བོད་ལྗོངས་ཀྱི་ལུས་རྩལ་པ་འདི་གསུམ་པོ་འགྲན་ཞུགས་ལུས་རྩལ་པའི་མིང་ཐོག་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་རག་མེད་ནའང་། རྒྱལ་ནང་གི་བདམས་ཐོན་པའི་ཁྲོད་ཁོང་རྣམ་པའི་ཆེད་ལས་རྩལ་ནུས་མདུན་གྲལ་དུ་སླེབས་ཀྱི་ཡོད་པས། དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཁོང་རྣམ་པའི་དཀའ་སྡུག་མྱོང་ཐུབ་པ་དང་ལག་རྩལ་ལེགས་པའི་ཁྱད་ཆོས་ལ་ཁས་ལེན་བྱས་ནས། ད་གཟོད་དམིགས་བསལ་མངག་གཏོང་གིས་ལས་འགན་ལྕི་པོ་འདི་འཁུར་ཏུ་བཅུག་པ་རེད། 
 
ཉི་མ་དབྱངས་ཅན།
         རྐྱང་ལེབ་གངས་ཤུད་ཀྱི་ལུས་རྩལ་པ་ཉི་མ་དབྱངས་ཅན་ནི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་མདོ་མདའ་གྲོང་ཚོ་ནས་ཡིན་པ་དང་། ད་ལོ་ལོ་20རེད་འདུག དེ་སྔ་བོད་ལྗོངས་ལུས་རྩལ་སློབ་གྲྭར་སློབ་སྦྱོང་བྱས་ཤིང་། ཆེད་ལས་ནི་མདའ་འཕེན་རྣམ་གྲངས་ཡིན། 2018ལོར་ཆེད་ལས་དང་རྣམ་གྲངས་ལས་བརྒལ་ནས་རྐྱང་ལེབ་གངས་ཤུད་རྒྱལ་ཁབ་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཏུ་སྦྱོང་བརྡར་བྱེད་པར་བསྐྱོད་འདུག རྐྱང་ལེབ་གངས་ཤུད་སྦྱོང་བརྡར་བྱས་ནས་ལོ་3ལྷག་ཙམ་སོང་རིང་། ཁོང་ཧྥ་རན་སི་དང་། ཨ་ཀེན་ཐིན། སུའེ་ཙེར། ཨོ་སི་ཁྲུ་རི་ཡ་སོགས་རྒྱལ་ཁབ་ཏུ་འགྲན་བསྡུར་བྱེད་པར་བསྐྱོད་མྱོང་ཡོད།  2019ལོའི་ཟླ་9པར་ཨ་ཀེན་ཐིན་གྱི་ཨ་མེ་རི་ཁ་ལྷོ་མའི་བུམ་པ་FISཡི་སྐར་གསོག་འགྲན་བསྡུར་ཐེངས་གཉིས་ནང་ཨང་3པའི་བྱ་དགའ་ཐོབ་པ་དང་། 2021ལོར་ཀྲང་ཅ་ཁོའུ་ཡུན་ཏིང་གངས་ཤུད་ར་བའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་30པ། 2021ལོའི་ཟླ་12པར་ཨོ་སི་ཁྲུ་རི་ཡའི་ལེ་ཐེ་ལ་མུའུ་FISསྐར་གསོག་འགྲན་བསྡུར་ཁྲོད་ཨང་5པའི་གྲུབ་འབྲས་ཡག་པོ་ཐོབ་འདུག 

བསྟན་འཛིན་དབང་འདུས།
         ད་ལོ་ལོ་23ལ་སླེབས་པའི་བསྟན་འཛིན་དབང་འདུས་ནི་ཕ་ཡུལ་ལྷ་ས་ནས་ཡིན་པ་དང་། དེ་སྔ་བོད་ལྗོངས་རི་འཛེག་སློབ་གྲྭའི་རི་མཐོ་སྐྱེལ་འདྲེན་རུ་ཁག་ནང་ཞུགས་མྱོང་ཡོད་ལ་རི་འཛེག་སྣེ་ཤན་པ་ཞིག་ཀྱང་ཡིན། ཇོ་མོ་གླང་མ་ཚུད་པའི་བོད་ལྗོངས་ཀྱི་མཚོ་འཕགས་སྨི་6000ཡན་གྱི་རི་རྩེ་མང་པོར་འཛེག་མྱོང་ཡོད། 2019ལོར་ལས་རིགས་དང་རྣམ་གྲངས་ལས་བརྒལ་ནས་རྒྱལ་ཁབ་ཀྱི་བྱེས་བགྲོད་གངས་ཤུད་རུ་ཁག་ནང་ཞུགས་ཏེ་2018ལོའི་གངས་ཤུད་རི་འཛེག་གཞོན་ནུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གདམ་གསེས་འགྲན་བསྡུར་དང་གངས་ཤུད་རི་འཛེག་ཨེ་ཤེ་ཡའི་བུམ་པའི་འགྲན་བསྡུར་ཐོག་མི་སྒེར་གྱི་བྱེས་བགྲོད་རྣམ་གྲངས་ཀྱི་ཨང་གསུམ་པ་ཐོབ་པ་དང་། 2021ལོའི་རྒྱལ་ཡོངས་ཀྱི་བྱེས་བགྲོད་གངས་ཤུད་ཀྱི་རྟིང་རྩོད་མཐུད་རྒྱུག་འགྲན་བསྡུར་ཁྲོད་ཨང་བརྒྱད་པ་ཐོབ་པ་རེད།

         བསྟན་འཛིན་དབང་འདུས།
         མིག་སྔར། བསྟན་འཛིན་དབང་འདུས་NTOཡི་ཐོབ་ཐང་ཐོག་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྲང་ཅ་ཁོའུ་འགྲན་ཁུལ་དུ་ལས་དོན་སྤེལ་བར་བསྐྱོད་འདུག དགའ་འོས་པ་ཞིག་ལ་རྣམ་གྲངས་གཅིག་པའི་NTOཡི་ནང་ཏག་ཏག་བོད་རིགས་ཀྱི་སྣེ་ཁྲིད་པ་གཞན་ཞིག་ཡོད་དེ། ཁོང་ནི་བསྟན་འཛིན་གྱི་སྤུན་མཆེད་དང་འདྲ་བའི་གྲོགས་པོ་བཟང་པོ་རབ་རྒྱས་རེད།

རབ་རྒྱས།
         རབ་རྒྱས་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཡིན་པ་དང་། ད་ལོ་ལོ་20ཡིན་པའི་ཁོང་ཉིད་བྱེས་བགྲོད་གངས་ཤུད་རྣམ་གྲངས་སུ་ཞུགས་ནས་ལོ་གསུམ་ཡང་ཕྱིན་མེད། 2021ལོར་རྒྱལ་ཡོངས་ཀྱི་བྱེས་བགྲོད་གངས་ཤུད་ལེགས་སྐྱེས་འགྲན་བསྡུར་ཐོག་རབ་རྒྱས་ལ་མི་སྒེར་གྱི་སྤྱི་ལེ་50ཡི་ཨང་6པ་དང་བར་ཐག་རིང་བའི་ཀུན་ནུས་ཨང་8པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད།
         གངས་འཁྱགས་ཀྱི་ཕ་ས་ཞེས་པར་འཚར་ལོངས་བྱུང་བའི་ཁོང་ཉིད་ཆུང་དུས་ནས་གངས་ལ་དམིགས་བསལ་གྱི་བརྩེ་དུང་ཞིག་ཡོད་པ་དང་། རྒྱལ་ཁབ་ཀྱི་བྱེས་བགྲོད་གངས་ཤུད་རུ་ཁག་ནང་འཛུལ་རྗེས། ཁོང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུའི་ཐད་གྲ་སྒྲིག་མང་པོ་བྱས་མོད། ད་རེས་ཀྲུང་གོའི་ཚབ་བྱས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མ་ཐུབ་པར་རབ་རྒྱས་ཅུང་ཟད་བློ་ཕམ་བྱུང་ཡོད་ནའང་། ཁོང་གིས། ངས་འབད་བརྩོན་ཆེར་སྐྱེད་ཀྱིས་སྦྱོང་བརྡར་བྱས་ཏེ་སྔ་ཙམ་ཀྲུང་གོ་དང་བོད་ལྗོངས། དེ་བཞིན་གངས་འཁྱགས་ལུས་རྩལ་ཀྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་འདུག 
རྩོམ་སྒྲིག་པ། སྣང་རྡོར།