ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཆང་བཏུངས་འཁོར་གཏོང་བྱས་པས་ཁྲིམས་ཆད་ཕོག་པ།

སྤེལ་དུས 2023-04-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ནང་མི་དང་སྤུན་མཆེད་མཉམ་འཛོམས་བྱུང་དུས་མཉམ་དུ་ཁ་ལག་ཟ་སྐབས་ཆང་རག་ཅུང་ཟད་མི་འཐུང་ཀ་མེད་རེད།  མི་མང་ཆེ་བས་ཆང་རག་བཏུངས་རྗེས་ངལ་གསོ་ཏོག་ཙམ་རྒྱག་པའམ་ཡང་ན་ཞག་གཅིག་འགོར་རྗེས་མུ་མཐུད་དུ་མོ་ཊ་བཏང་ན་འགྲིག་ངེས་རེད་སྙམ་གྱི་ཡོད། འོན་ཀྱང་སྐབས་རེ་རང་ཉིད་ར་དྭངས་པ་བསམ་ཡང་དོན་དངོས་ཐོག་ཆང་རག་གི་ཉིང་ཁུ་ཡལ་མེད་པའི་སྣང་ཚུལ་ཐོན་སྲིད།  དེར“ཞག་ལུས་ཨ་རག”ཟེར་ཞིང་ང་ཚོས་དེར་སྣང་ཆུང་རྩ་བ་ནས་བྱེད་མི་རུང་།
          ཟླ4པའི་ཚེས16ཉིན།  ལྷ་ས་གྲོང་ལྷོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བོད་ལྗོངས་སློབ་ཆེན་ལམ་དང་གཙང་རལ་ལམ་གྱི་ལམ་མདོ་རུ་ཆང་བཏུངས་འཁོར་གཏོང་གི་ཆེད་དོན་བཅོས་སྒྲིག་བྱེད་སྐབས། ཁ་ལོ་བ་བསམ་ཆེ་གེ་མོས་འཁོར་རྟགས་བོདA8****ཡིན་པའི་འཇིབ་ཆུང་ཞིག་བཏང་སྟེ་ལས་སྒྲུབ་ས་ཚིགས་བརྒྱུད་སྐབས་ཁ་ལོ་བའི་ཞིབ་བཤེར་ཚད་ལེན་དང་ལེན་བྱས་པས།  ཚད་ལེན་ཚོད་ལྟའི་དབྱུག་པའི་ཐོག་ཉེན་བརྡ་དམར་པོ་ཐོན་ནས་ཁོར་ཆང་བཏུངས་འཁོར་གཏོང་གི་དོགས་པ་ཡོད་པའི་དྲན་སྐུལ་བྱས།

          ཁ་ལོ་བ་བསམ་ཆེ་གེ་མོར་དབུགས་གཏོང་ནས་ཨ་རག་ཉིང་ཁུ་འདུས་ཚད་དཔྱད་ཆས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ཐེངས་དང་པོའི་བརྟག་དཔྱད་བྱས་འབྲས78mg/100mlཡིན་པ་དང་ཐེངས་གཉིས་པའི་བརྟག་དཔྱད་བྱས་འབྲས77mg/100mlཡིན་པས། བསམ་ཆེ་གེ་མོས་ཆང་བཏུངས་འཁོར་གཏོང་བྱས་པ་གཏན་འཁེལ་བྱས།

          ཆང་རག་འཐུང་མེད་ཀྱང་དཔྱད་ཆས་ཐོག་ཉེན་བརྡ་དམར་པོ་ཐོན་དོན་གང་ཡིན་ནམ། ཨ་རག་གི་ཉིང་ཁུ་འདུས་ཚད་དཔྱད་ཆས་ཀྱིས་ཀྱང་ལུས་པོའི་ཨ་རག་གི་ཉིང་ཁུ་འདུས་ཚད་བཤེར་ཐུབ་བམ།
         བསམ་ཆེ་གེ་མོས། ཁ་ཉིན་དགོང་མོའི་མཉམ་འཛོམས་སྐབས་ཆང་རག་བཏུངས་རྗེས། ཞག་གཅིག་རིང་ངལ་གསོ་བརྒྱབ་པས་ར་དྭངས་ཡོད་བསམ་ནས་མོ་ཊ་བཏང་བ་ཡིན། མཐར“ཞག་ལུས་ཨ་རག”གིས་རྐྱེན་པས་ཆད་པ་ཕོག་བྱུང་ཞེས་བཤད།

          དོ་བདག་བསམ་ཆེ་གེ་མོས་ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་བྱས། མཐར་གྱོད་སྒྲུབ་སྡེ་ཚན་གྱིས་ཁྲིམས་ལྟར་ཁོར་ཆད་པ་བཅད་པ་གཤམ་གསལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དོ་བདག་བསམ་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ12འཐེན་པ་དང་། ཁ་ལོ་བའི་ལག་ཁྱེར་ཟླ6བཙན་ཉར་བྱ་རྒྱུ་དང་ཆབས་ཅིག དངུལ་ཆད་སྒོར1900ཡི་སྲིད་འཛིན་ཆད་པ་གཅོད་རྒྱུའི་ཐག་བཅད་པ་རེད།
          ཤ་ཚའི་དྲན་སྐུལ།
          ཨ་རག་གི་ཉིང་ཁུ་མིའི་ལུས་པོའི་ནང་རྙིང་ཚབ་གསར་འབྱེད་བྱེད་པའི་མྱུར་ཚད་ནི་མི་སོ་སོའི་ལུས་པོའི་ཁྱད་པར་དང་ཆང་འཐུང་མང་ཉུང་ལ་རག་ལུས་ཡོད་པས། དེས་ན་ཆང་བཏུངས་ནས་ག་ཚོད་སོང་རྗེས་གཞི་ནས་ཨ་རག་གི་ཉིང་ཁུ་ཡལ་མིན་དང་། ག་ཚོད་སོང་རྗེས་གཞི་ནས་མོ་ཊ་གཏོང་ཆོག་མིན་ཐད་གཏན་འཁེལ་གྱི་དུས་ཚོད་དང་གྲངས་ཚད་གཅིག་ཀྱང་མེད། མོ་ཊ་གཏོང་སྐབས་ཀྱི་བདེ་འཇགས་འགན་ལེན་དང་ཆང་བཏུངས་འཁོར་གཏོང་མི་བྱེད་པའི་ཆེད། ཆང་རག་བཏུངས་རྗེས་ཀྱི་ཉིན་གཉིས་པར་མོ་ཊ་གཏན་ནས་མི་གཏོང་རུང་།
          ཆང་བཏུངས་འཁོར་གཏོང་བྱས་ཚེ་ཁ་ལོ་བའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། མོ་ཊ་གཏོང་སྐབས་ཀྱི་ཉེན་ཁའི་བཏགས་གྲངས་ཀྱང་ཇེ་མཐོར་འགྲོ་སྲིད་པས།  རྒྱ་ཆེའི་ཁ་ལོ་བ་ཚོས་རང་ཉིད་དང་མི་གཞན་གྱི་ཚེ་སྲོག་བདེ་འཇགས་ཀྱི་ཆེད“མོ་ཊ་བཏང་ཚེ་ཆག་རག་མི་འཐུང་བ་དང་།  ཆང་རག་བཏུངས་རྗེས་མོ་ཊ་མི་གཏོང་རྒྱུ”བློ་ལ་བརྟན་པོར་ངེས་རོགས།  ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཆང་བཏུངས་འཁོར་གཏོང་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་མུ་མཐུད་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པས། ཚང་མས་མཉམ་འཛོམས་སྐབས་ཆང་རག་བཏུངས་ཚེ་མོ་ཊ་མི་གཏོང་རྒྱུའི་དྲན་སྐུལ་ཕན་ཚུན་གནང་རོགས།
རྩོམ་སྒྲིག་པ། སྣང་རྡོར།