ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཕ་དབྱིའི་གདོང་ཐུག་ཁྲོད་མི1900ལྷག་ཙམ་རྐྱེན་ལམ་དུ་ཤོར་བ།

སྤེལ་དུས 2023-10-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
ཟླ10པའི་ཚེས10ཉིན། ཅ་ཧྲ་ཁྲེང་གྲུ་ཁར་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་རྗེས་དུ་བ་ལང་ལོང་དུ་འཕྱུར་བཞིན་པ།
             མི1900ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། དབྱི་སི་རལ་གྱིས“ཕྱོགས་ཡོངས་ནས་ཕར་རྒོལ”བྱེད་རྩིས་ཡོད་པའི་ཕྱོགས་སུ་གཞོལ། སྐར་མ་གསུམ་ནང་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་དམག་འཁྲུག་གི་གནས་ཚུལ་གསར་ཤོས་ལ་རྒྱུས་ལོན་བྱེད།
             དབྱི་སི་རལ་གྱི་སྨྱན་སྦྱོར་དང་ཕ་ལེ་སི་ཐན་གྱི་སྨན་བཅོས་སྒྲིག་གཞིས་ཡིས་ཚེས10ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གསར་ཤོས་ལྟར་ན། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གསར་པ་བྱུང་བ་ནས་བཟུང་། མི1900ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐེས་དབྱི་སི་རལ་གྱིས“ཕྱོགས་ཡོངས་ནས་ཕར་རྒོལ”བྱེད་རྩིས་ཡོད་ཅེས་བསྒྲགས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དང་ལྷན་དུ།  སྐར་མ་གསུམ་གྱི་ནང་མདང་དགོང་ནས་ད་ནངས་ཞོགས་པའི་བར་གྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་དམག་འཁྲུག་གི་གནས་ཚུལ་གསར་ཤོས་ལ་བལྟ་བར་བྱ།
རྐྱེན་ལམ་དུ་ཤོར་བའི་མི་གྲངས1900ལས་བརྒལ་བ།
             དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་ཚེས10ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་རེས་སྐོར་གསར་པའི་གདོང་ཐུག་ཁྲོད་དུ། དབྱི་སི་རལ་ནས་ཉུང་མཐར་ཡང་མི1008རྐྱེན་ལམ་དུ་ཤོར་ཡོད། དབྱི་སི་རལ་འཕྲོད་བསྟེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་སྨན་ཁང་ཆེ་གྲས་ཁག་གིས་བསྡུས་པའི་རྨས་མ2901འཕར། ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་དེ་ཉིན་དགོང་མོ་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་པར་ཉུང་མཐར་ཡང་མི900རྐྱེན་ལམ་དུ་ཤོར་བ་དང་མི4500ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད།   
             ཚེས10ཉིན་གྱི་དགོང་མོ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། གདོང་ཐུག་བྱུང་བ་ནས་བཟུང་དབྱི་སི་རལ་གྱི་རྐྱེན་ལམ་དུ་ཤོར་བའི་དམག་མིའི་མི་གྲངས156ཟིན་ཡོད།
ཟླ10པའི་ཚེས10ཉིན། ཅ་ཧྲ་གྲོང་ནས་པར་བླངས་བའི་དབྱི་སི་རལ་ལ་འཕངས་པའི་མེ་ཤུགས་འཕུར་མདའ།
              ཚེས10ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་མགྲིན་ཚབ་པས་བཤད་རྒྱུར། རང་ཁོངས་སུ་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་དྲག་ཆས་པ1500ཡི་བེམ་པོ་རྙེད་ཡོད།  ཚེས9ཉིན་གྱི་དགོང་མོ་ནས་བཟུང་། ཧ་མ་སིའི་དྲག་ཆས་པ་དབྱི་སི་རལ་དུ་བསྐྱོད་པའི་གནས་ཚུལ་མ་བྱུང་མོད། སྔར་བཞིན་སིམ་འཛུལ་བྱེད་པའི་སྲིད་ཕྱོད་ཡོད་སྲིད་པ་རེད།
              དབྱི་སི་རལ་དམག་གི་བཤད་སྟངས་ལྟར་ན།   ད་སྔའི་བར་ཕ་ལེ་སི་ཐན་ཕྱོགས་ཀྱིས་དེའི་ཐད་ལ་རྣམ་འགྱུར་བསྟན་མེད།    
དབྱི་སི་རལ་གྱིས“ཕྱོགས་ཡོངས་ནས་ཕར་རྒོལ”བྱེད་རྩིས་ཡོད་པ།
             ཚེས10ཉིན། དབྱི་སི་རལ་དམག་དཔུང་གིས་གསལ་བསྒྲགས་དུ་མ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་བསྟུད་མར་མཁའ་དབྱིངས་ནས་འཇབ་རྒོལ་བྱས་ཏེ་ཧ་མ་སིའི་དམག་དོན་གྱི་དམིགས་འབེན་མང་པོ་གཏོར་ཡོད། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ཉེ་འགྲམ་དུ་ཡོད་པའི་དབྱི་སི་རལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཨ་ཧྲི་ཁའེ་ལུང་བཟོ་ལས་ཁུལ་དུ་ཧ་མ་སིའི་དྲག་ཆས་མི་སྣ་དང་དམར་འཛིང་བྱས་པ་དང་། ཧ་མ་སིའི་ཁོངས་མི3ཙམ་བསད། ཚེས10ཉིན་གྱི་དགོང་མོར་དབྱི་སི་རལ་སྨྱན་སྦྱོར་གྱིས་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐེའི་གཏམ་བཤད་དྲངས་ནས་སྤེལ་དོན། དབྱི་སི་རལ་གྱིས“ཕྱོགས་ཡོངས་ནས་ཕར་རྒོལ”བྱེད་རྩིས་ཡོད་པ་དང་“ཅ་ཧྲ་དུས་ནམ་ཡིན་ཡང་སྔོན་མའི་རྣམ་པ་ལ་ལོག་མི་སྲིད།”
ཟླ10པའི་ཚེས10ཉིན་ཅ་ཧྲ་མཐའ་མཚམས་ཀྱི་དབྱི་སི་རལ་གྱི་དམག་དཔུང་།
             ཚེས10ཉིན་གྱི་དགོང་མོ། དབྱི་སི་རལ་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མེ་ཤུགས་འཕུར་མདའ་ཁ་ཤས་སི་རི་ཡ་ནས་དབྱི་སི་རལ་ཕྱོགས་སུ་འཕངས་ལ། དེའི་ཁྲོད་དུ་ཁ་ཤས་ཤིག་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕུར་ཡོང་ཞིང་། ཕལ་ཆེར་ས་སྟོང་དུ་ལྷུང་བ་འདྲ་ཞེས་བཤད། དེ་སློག་ལན་དུ་དབྱི་སི་རལ་དམག་དཔུང་གིས་སི་རི་ཡར་མེ་ཤུགས་འཕུར་མདེལ་འཕེན་སའི་ས་ཁོངས་ལ་སྒྱོགས་མདེལ་དང་མེ་སྒྱོགས་འཕངས།
             ལེ་པ་ནོན་གྱི་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣས་ཚེས10ཉིན་ལ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།  མེ་ཤུགས་འཕུར་མདའི་འབར་མདེལ་ཁ་ཤས་ཤིག་ཉིན་དེའི་ཕྱི་དྲོར། ལེ་པ་ནོན་གྱི་ལྷོ་རྒྱུད་ཐིའར་ས་ཁུལ་ནས་དབྱི་སི་རལ་གྱི་བྱང་རྒྱུད་ཀྱི་ཅ་ལི་ལི་ས་ཁུལ་གྱི་ཉེ་འགྲམ་དུ་འཕངས། དེར་བསྟུན་དབྱི་སི་རལ་དམག་དཔུང་གིས་མེ་སྒྱོགས་ཆེ་གྲས་སྤྱད་དེ་ལེ་པ་ནོན་གྱི་ལྷོ་རྒྱུད་ས་ཁུལ་ལ་རྒོལ་ལན་སྤྲད་པ་རེད།    
ཕུའུ་ཅིང་གིས་ཨ་རིའི་དབུས་ཤར་ས་ཁུལ་གྱི་སྲིད་ཇུས་ལ་ཉམས་ཉེས་བྱུང་ཡོད་ཅེས་བཤད།
             ཚེས10ཉིན།  ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་པ་དེ་ནི་ཨ་རིའི་དབུས་ཤར་ས་ཁུལ་གྱི་སྲིད་ཇུས་ལ་ཉམས་ཉེས་བྱུང་བའི་དཔེ་མཚོན་མངོན་གསལ་དོད་པོ་ཞིག་རེད་ཅེས་བཤད།    
             ཕུའུ་ཅིང་གིས་ཉིན་དེར་ཨུ་རུ་སུའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་འཚམས་འདྲིར་ཕེབས་པའི་དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་དང་གྲོས་མོལ་གནང་། ཨུ་རུ་སུ་དང་དབྱི་རན་གྱི་འབྲེལ་བ་དང་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་གྲོས་བསྡུར་གནང་ཞིང་། དེ་དང་འབྲེལ་ནས་གོང་གསལ་གྱི་བཤད་ཚུལ་དེ་སྤེལ།
ཟླ10པའི་ཚེས10ཉིན། ཅ་ཧྲ་གྲོང་དུ་མི་རྣམས་དབྱི་སི་རལ་གྱི་མཁའ་དབྱིངས་ནས་འཇབ་རྒོལ་གྱིས་འབར་མདེལ་དབྱུགས་ནས་གཏོར་བའི་གྱང་རོའི་ཁྲོད་བསྐྱོད་པ།
             ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་རེས་སྐོར་གསར་པའི་གདོང་ཐུག་སྐོར་གླེང་སྐབས། ཕུའུ་ཅིང་གིས་ཨ་རི་ཕྱོགས་ཀྱིས་དུས་ཀུན་ཏུ“སྒེར་སྡེམ”གྱི་རྣམ་པས་དབུས་ཤར་ས་ཁུལ་གྱི་གནད་དོན་ཐག་གཅོད་འདོད་པ་ལས།  “ཕྱོགས་གཉིས་པོས་དང་ལེན་བྱེད་པའི་མཐུན་ཐབས་ཇུས་གཞི་འཚོལ་བར་བསམ་གཞིག་གཏན་ནས་མི་གཏོང་། ཐ་ན་རང་ཉིད་འགྲིག་ཡོད་བསམ་པའི་བསམ་ཚུལ་རྐྱང་རྐྱང་སྤེལ་བ་ཡིན”རྦད་དེ་ཕ་ལེ་སི་ཐན་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྣང་མེད་དུ་འཇོག་པ་ཡིན།    
             ཚེས9ཉིན། ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་དཔོན་གྱིས་ཆ་འཕྲིན་ཁུངས་ནས་སྤེལ་རྒྱུར། ཕ་ལེ་སི་ཐན་གྱི་ཙུང་ཐུང་མ་ཧ་མའོ་ཏེ·ཨ་པ་སི་ཨུ་རུ་སུར་འཚམས་འདྲིར་ཕེབས་རྒྱུ་རེད། འོན་ཀྱང་དེ་ལས་ཨ་པ་སི་ནམ་ཞིག་ལ་འཚམས་འདྲིར་ཕེབས་པའི་དུས་ཚོད་སྐོར་ལ་གསལ་བཤད་བྱས་མེད།

རྩོམ་སྒྲིག་པ། དཔལ་གཡང་།