ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

དར་ཚོན་སྣ་ལྔས་བཀྲ་ཤིས་ལོ་གསར་བསུ།

སྤེལ་དུས 2024-02-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁུབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
              དཔྱིད་གསར་དུས་ཆེན་དང་བོད་ཤིང་འབྲུག་ལོའི་ལོ་གསར་འཆར་ལ་ཉེ་བ་དང་བསྟུན་ནས་ལོ་གསར་གྱི་མཁོ་ཆས་ཁག་ཀྱང་བྲིན་ཁ་རྒྱུག་པོ་ཡོད་ཅིང་། གནའ་གྲོང་ལྷ་སའི་ཁྲོམ་གཞུང་ཁག་ཏུ་དར་ཤིང་ཚོང་མཁན་དང་། ཉོ་མཁན་མང་པོ་ཡོད།

              ལོ་གསར་ནི་བོད་ལྗོངས་ཀྱི་གཞི་རྒྱ་ཆེ་ཤོས་དང་གྲ་རྒྱས་ཤོས་ཀྱི་དུས་ཆེན་ཞིག་ཡིན་ཞིང་། དགའ་ཉེ་སྤུན་མཆེད་རྣམས་མཉམ་འཛོམས་ཀྱིས་ལོ་རྙིང་པར་ཞལ་གྱེས་ཞུ་བ་དང་ལོ་གསར་པར་བསུ་བ་ཞུ་བའི་དགའ་སྟོན་བྱེད་ཀྱི་ཡོད། ལོ་གསར་གྱི་ཚེས་ཆ་བཟང་བ་ཞིག་ལ་དར་ལྕོག་འཛུགས་པའི་གོམས་སྲོལ་ཡོད་པས། དར་ཤིང་ཉོ་སྒྲུབ་བྱ་རྒྱུ་དེ་ཡང་ལོ་གསར་གོང་གི་གྲ་སྒྲིག་ལས་ཀ་གལ་ཆེན་ཞིག་ལ་གྱུར་ཡོད།

              བློ་བཟང་ཆོས་འཕེལ་ནི་བོད་ལྗོངས་རིན་སྤུངས་རྫོང་གི་མི་ཡིན་ཞིང་། ལོ་ལྟར་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ་བློ་བཟང་ཆོས་འཕེལ་གྱིས་གྲོང་ཁྱེར་ནང་དར་ཤིང་ཚོང་བར་ཕེབས་ཀྱི་ཡོད། ཁོང་གིས། རྒྱུན་དུ་རས་སམ་ཡང་ན་སེང་རས་དང་དར་གོས་ཐོག་རླུང་རྟ་པར་འདེབས་བྱས་པ་དར་ཤིང་གི་རྩེ་མོར་འཚེམ་གྱི་ཡོད། དར་ཤིང་གཅིག་གི་ཐོག་རས་ཚོན་མདོག་ལྔ་མང་ཉུང་མེད་པར་འཚེམ་གྱི་ཡོད་པ་དེ་དག་ནི་སྔོན་པོ་དང་། དཀར་པོ། དམར་པོ། ལྗང་ཁུ། སེར་པོ་བཅས་རེད། རས་སྔོན་པོས་ནམ་མཁའ་མཚོན་པ་དང་། དཀར་པོས་སྤྲིན་པ་མཚོན་པ། དམར་པོས་མེ་མཚོན་པ། ལྗང་ཁུས་ཆུ་མཚོན་པ། སེར་པོས་ས་མཚོན་གྱི་ཡོད། དར་ལྕོག་ཁང་སྟེང་དུ་བཙུགས་ནས་ལོ་གསར་པར་འབྲུ་སྣ་ལྔ་ཡི་ལོ་ལེགས་ཡོང་བ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་མཚོན་པར་བྱེད་ཀྱི་ཡོད་ཅེས་གསུངས་འདུག

              ལོ་ལྟར་དར་ཤིང་བྲིན་ཁ་རྒྱུག་པོ་ཡོད་པས། བློ་བཟང་ཆོས་འཕེལ་གྱི་ངོས་ནས་བརྗོད་ན་ལས་ཀ་དེས་ཡོང་འབབ་ཡག་པོ་གསོག་ཐུབ་པ་མ་ཟད། ད་དུང་དམངས་སྲོལ་རིག་གནས་རྒྱུན་འཛིན་ཡང་ཐུབ་ཀྱི་ཡོད་པས་ལོ་མང་རྒྱུན་འཁྱོངས་གནང་ཡོད། ཁོང་གིས། ང་ལོ་ལྟར་དར་ཤིང་བཙོང་བར་ཡོང་གི་ཡོད། ང་ཚོ་བོད་རིགས་མང་ཚོགས་ཀྱིས་ལོ་གསར་པར་དར་ལྕོག་བཙུགས་ནས་བཀྲ་ཤིས་སྨོན་འདུན་མཚོན་པ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

              བོད་མི་རིགས་ཀྱིས་ལ་རྩེ་དང་། ཁང་པའི་ཡང་ཐོག སྒོ་མཆོར་གྱི་མདུན་སོགས་སུ་དར་ལྕོག་དང་དར་ཆེན་འཛུགས་སྲོལ་ཡོད་པ་དེ་ནི་བོད་མི་རིགས་འཚོ་གནས་བྱེད་ཡུལ་ཁོ་ན་ལས་གཞན་དུ་མཐོང་རྒྱུ་མེད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན། ཏང་གི་ཡང་དག་པའི་མི་རིགས་སྲིད་ཇུས་ཀྱི་ཉི་འོད་འོག བོད་མི་རིགས་ཀྱིས་ཕ་མེས་ནས་དར་བའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད་ལ། འཚོ་བ་གསར་པར་བཅངས་པའི་བསམ་འདུན་བཟང་པོ་ཡང་མངོན་འགྱུར་ཡོང་ངེས་རེད།