ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཞང་ཀང་གི་གཞོན་ནུ་ལོ་ཆུང་ཚོས་ཚན་ཞིབ་ཀྱི་སྙིང་སྟོབས་ཉམས་སུ་མྱོང་བ།

སྤེལ་དུས 2024-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཟླ7པའི་ཚེས14ཉིན། 2024ལོའི“ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུས་མེས་རྒྱལ་ལ་ལྟ། ཞང་ཀང་གི་གཞོན་ནུ་ལོ་ཆུང་བརྒྱ་རབ་མཛེས་མཚོ་སྔོན་དུ་བསྐྱོད་པའི”སྤེལ་རེས་བྱེད་སྒོའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་གལ་ཆེན་ཞིག་བྱེད་འགོ་ཚུགས། ཞང་ཀང་གི་གཞོན་ནུ་ལོ་ཆུང140ལྷག་ཙམ་རེ་སྒུག་དང་སྤྲོ་སེམས་ཆེན་པོས་རྡུལ་ཕྲན་གྲོང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་ཡོང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ། ཁོང་ཚོས་རྡུལ་ཕྲན་གྲོང་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་དང་འབྲེལ221རྟེན་གཞིའི་ཡན་ལག་བཟོ་གྲྭ་དང་པོར་བསྐྱོད་དེ་མེས་རྒྱལ་གྱི་ཉིང་རྡུལ་ཚན་རིག་ཞིབ་འཇུག་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དངོས་སུ་ཉམས་ལེན་བྱས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་དང་ལེན་བྱས།

ཞང་ཀང་གི་གཞོན་ནུ་ལོ་ཆུང་ཁག་གཅིག་གིས་རྡུལ་ཕྲན་གྲོང་དྲན་གསོ་ཁང་ལ་ལྟ་སྐོར་བྱེད་བཞིན་པ།
             སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ། མཚོ་སྔོན་རྡུལ་ཕྲན་གྲོང་དུ་དམིགས་བསལ་གྱི་འཚམས་འདྲིར་ཡོང་མཁན་དེ་དག་བསུས། གཞོན་ནུ་ལོ་ཆུང140ལྷག་ཙམ་གྱིས་ལུས་ལ་གྱོན་ཆས་ལེགས་པར་གྱོན་ཞིང་སྙིང་སྟོབས་ཆེར་སྐྱེད་ཀྱིས་རྟེན་གཞིའི་ལས་དོན་པའི་ཁྲིད་སྟོན་འོག་ཁོང་ཚོ་དང་ཐོག་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་སླེབས། དྲན་གསོ་ཁང་དེར་ཀྲུང་གོའི་ཉིང་རྡུལ་ཚན་རིག་ཞིབ་འཇུག་གི་ལོ་རྒྱུས་ཟབ་མོ་ལྡན་པ་མ་ཟད། ཚན་ཞིབ་ལས་དོན་པ་མི་རབས་ནས་མི་རབས་བར་གྱིས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་ལའང་བདེན་དཔང་བྱས་ཡོད།
             དྲན་གསོ་ཁང་དུ་སྐྱོད་སྐབས་སུ། ལོ་རྒྱུས་ཀྱི་འདྲ་པར་རྩ་ཆེན་རེ་རེ་དང་། ལོ་ཟླའི་རྗེས་ཤུལ་གྱིས་ཕྱུག་པའི་འགྲེམས་སྟོན་དངོས་པོ། གསོན་ཉམས་དོད་པའི་འགྲེལ་བཤད་བཅས་ལས་གཞོན་ནུ་ལོ་ཆུང་ཚོ་དུས་དང་བར་སྟོང་ལས་བརྒལ་ནས་དཀའ་སྤྱད་འབད་འཐབ་ཀྱི་ལོ་རབས་ལ་ཕྱིར་ལོག་པ་ལྟ་བུའི་སྣང་བ་བྱུང་། ཁོང་ཚོས་འགྲེལ་བཤད་པའི་འགྲེལ་བཤད་ལ་ནན་ཏན་ངང་ཉན་པ་དང་། སྐབས་སྐབས་སུ་གོམ་པ་སྤོ་མཚམས་བཞག་ནས་ཞིབ་པར་བལྟས་ཏེ་ཞིབ་ཕྲའི་གནས་ཚུལ་རེ་རེའི་ཁྲོད་ནས་ལོ་རྒྱུས་ཀྱི་དོན་དངོས་དང་སེམས་འགུལ་མྱོང་ལེན་བྱས། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག སྔར་བཞིན་རང་བརྟེན་ངང་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་སྤེལ་མཐའ་འཁྱོངས་བྱས་ནས་མཐར་“མདེལ་གཉིས་སྐར་གཅིག”གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་བྱས་པ་ཤེས་རྟོགས་བྱུང་སྐབས། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེས་ཁོང་ཚོར་སེམས་འགུལ་ཟབ་མོ་ཐེབས།

ཀྲུང་གོའི་འཕྲུལ་ཐེག་ཆིང་མདེལ་དང་པོའི་མ་དཔེ།
             “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི་དུས་རབས20པའི་ལོ་རབས50ནས70བར་ཆགས་པ་དང་། དེ་ནི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་པ་རྒན་རབས་ཚོས་མཁས་མཛངས་ལྡན་པའི་ཐབས་ཇུས་བཀོད་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་། ཀྲུང་གོ་གསར་པའི་ཚན་ཞིབ་ཆེད་མཁས་པ་དང་བྱ་གཞག་གསར་གཏོད་པས་དཀའ་ངལ་དང་ཉེན་ཁ་ཁྱད་བསད་དང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། རང་ཚུགས་རང་བདག་ངང་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་འབར་གས་ལེགས་སྒྲུབ་བྱས་པ། འཕུར་མདེལ་འཕུར་སྐྱོད་དང་མིས་བཟོས་སྲུང་སྐར་འཕེན་གཏོང་བྱེད་པའི་བརྒྱུད་རིམ་ནང་རང་རྟོགས་ངང་སྐྱེད་སྲིང་དང་ལག་ལེན་བསྟར་བའི་བླ་ན་མེད་པའི་སྙིང་སྟོབས་ཤིག་ཡིན་ཞིང་། དེ་ནི་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སྙིང་སྟོབས་དང་ཚན་རིག་གི་སྙིང་སྟོབས་བཅས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ་ཀྲུང་ཧྭ་མི་རིགས་ལ་གསར་གཏོད་བྱས་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་རེད། ལོ་རྒྱུས་དུམ་བུ་འདིས་ཚན་རྩལ་ཁྱབ་ཁོངས་ཀྱི་ཀྲུང་གོའི་མི་དམངས་ཀྱི་འབད་འཐབ་རླབས་པོ་ཆེ་དང་བསམ་པའི་ཉམས་འགྱུར་ལ་བདེན་དཔང་བྱས་ཡོད།

ཞང་ཀང་གི་གཞོན་ནུ་ལོ་ཆུང་གིས་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་ལྟ་སྐོར་བྱས་རྗེས་མྱོང་ཚོར་གླེང་བ།
             རྡུལ་ཕྲན་གྲོང་དྲན་གསོ་ཁང་ལ་ལྟ་སྐོར་བྱས་རྗེས། ཞང་ཀང་གི་གཞོན་ནུ་ལོ་ཆུང་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁོང་ཚོའི་མྱོང་ཚོར་གླེང་། སློབ་མ་ཞིག་གིས“དེ་རིང་ལྟ་སྐོར་བྱས་པ་བརྒྱུད‘མདེལ་གཉིས་སྐར་གཅིག’སྙིང་སྟོབས་ཀྱི་རླབས་ཆེའི་དོན་སྙིང་ལ་དེ་བས་གོ་བ་གཏིང་ཟབ་ལོན་བྱུང་། ཞང་ཀང་གི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་སྤོབས་པ་ཆེན་པོ་སྐྱེས་བྱུང་། ང་ཚོར་སྙིང་སྟོབས་དེ་རིགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ཡོད”ཅེས་བཤད།
             སློབ་མ་ཞིག་གིས་དགེ་རྒན་ཆེན་མོ་བ་ཡུས་མིན་དང་འབུམ་རམས་པ་ཆན་སན་ཆང་གི་བྱས་རྗེས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་ཞེས་བཤད། དགེ་རྒན་ཆེན་མོ་ཡུས་མིན་ནི་ཀྲུང་གོའི་ཉིང་རྡུལ་དངོས་ལུགས་རིག་པའི་མཁས་པ་ཞིག་ཡིན་པའི་ཆ་ནས་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་ཞིབ་འཇུག་གི་ཐད་བྱས་རྗེས་གལ་ཆེན་བཞག་གནང་ཡོད། ཁོང་གི“འདུས་བྱས་ལུས་པོ་ལོ་མ་ལྟ་བུར་ཡང་ལྕི་མེད། མི་ཚེ་གང་པོ་བྱ་གཞག་ཆེན་པོར་འབུལ་ནས་འདོད”ཅེས་པའི་བཀའ་མོལ་འདིས་མེས་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་གཏིང་ཟབ་སྒོས་མཚོན་ཡོད། འབུམ་རམས་པ་ཆན་སན་ཆང་ནི་འཕུར་མདེལ་ལག་རྩལ་ཁྱབ་ཁོངས་ཀྱི་སྔོན་བྱོན་པ་ཞིག་ཡིན་པ་དང་། ཁོང་གིས་གསར་གཏོད་རང་བཞིན་གྱི་ཇུས་འགོད་འདུ་ཤེས་མང་པོ་བཏོན་ནས། ཀྲུང་གོའི་འཕུར་མདེལ་ལག་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། “རང་ཚུགས་ཡར་བརྩོན་བྱེད། ཕུགས་འདུན་ཆེན་པོ་འཆང”ཞེས་པའི་སྐད་ཆ་དུམ་བུ་འདི་ཡང་ན་གཞོན་ཚན་རྩལ་ལས་དོན་པ་མང་པོར་སྐུལ་ལྕག་ཐེབས་པའི་བསྲུང་བྱའི་གདམས་ངག་ཏུ་གྱུར་ཡོད། ཚན་རིག་མཁས་ཅན་རྒན་རབས་རྣམས་ཀྱིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་དེ་སྒྲོན་མེ་དང་འདྲ་བར། གཞོན་ནུ་ལོ་ཆུང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས་ནས་ཁོང་ཚོར་འབྱུང་འགྱུར་ལ་རེ་བ་དང་རེ་སྨོན་གྱིས་ཁེངས།
             དྲན་གསོ་ཁང་ནས་ཁ་བྲལ་རྗེས། ཞང་ཀང་གི་གཞོན་ནུ་ལོ་ཆུང་ཚོ་སླར་ཡང221རྟེན་གཞིའི་ཡན་ལག་བཟོ་གྲྭ་དང་པོར་སླེབས། དེ་ནི་དེ་སྔ་ཉིང་རྡུལ་མཚོན་ཆའི་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་ད་ཆ་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་གར་ཁོང་ཚོས་སྐབས་དེ་དུས་ཀྱི་ཚན་ཞིབ་པའི་ལས་ཀའི་ཁོར་ཡུག་དངོས་སུ་མཐོང་བ་དང་དཀའ་སྡུག་གི་ཁྲོད་དུ་སྔར་བཞིན་ཚན་ཞིབ་མཐའ་འཁྱོངས་དང་མེས་རྒྱལ་ལ་དྲིན་ལན་འཇལ་བའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ཚོར་ཡོད། འཕྲུལ་འཁོར་རྙིང་པ་རེ་རེ་དང་ལས་ཀའི་འདྲ་པར་སེར་པོ་རེ་རེ་ཚང་མས་སྤྱིར་བཏང་མིན་པའི་ལོ་རྒྱུས་དེ་བརྗོད་པ་དང་གཉིས་སུ་མ་མཆིས། གཞོན་ནུ་ལོ་ཆུང་ཚོས་ལྟ་སྐོར་ཞིབ་ཚགས་དང་འགྲེལ་བཤད་ལ་ནན་ཏན་ངང་ཉན་ཞིང་། ཁོང་ཚོ་མང་པོ་ཞིག་གིས་དེ་ནི་ཁོང་ཚོས་ཐག་ཉེ་པོས་མེས་རྒྱལ་གྱི་ཚན་ཞིབ་བྱ་གཞག་གི་རླབས་ཆེན་དང་དཀའ་ཚེགས་ཉམས་ལེན་བྱེད་ཐེངས་དང་པོ་ཡིན་ཞེས་བཤད།

221རྟེན་གཞིའི་ཡན་ལག་བཟོ་གྲྭ་དང་པོའི102ཡིའུ་ལྷུ་ལག་ལས་སྣོན་འཁོར་ཁང་།
             སློབ་མ་ཞིག་གིས“221རྟེན་གཞིའི་ཡན་ལག་བཟོ་གྲྭ་དང་པོར་ལྟ་སྐོར་བྱེད་སྐབས་ཚན་ཞིབ་པ་ཚོས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འཚོལ་ཞིབ་ཇི་ལྟར་བྱས་པ་ངས་མཐོང་བྱུང་། སྙིང་སྟོབས་དེ་རིགས་ཀྱིས་ང་ལ་སེམས་འགུལ་ཟབ་མོ་ཐེབས་བྱུང་། ངས་འབྱུང་འགྱུར་མེས་རྒྱལ་འཕེལ་རྒྱས་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བཤད། 
             ད་ཐེངས་ཀྱི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་ནི་དེར་ཞུགས་མཁན་ཞང་ཀང་གི་གཞོན་ནུ་ལོ་ཆུང་གི་ངོས་ནས་བརྗོད་ན་སློབ་སྦྱོང་དང་འཚར་ལོངས་ཀྱི་གོ་སྐབས་རྩ་ཆེན་ཞིག་ཡིན་པ་སྨོས་མེད་རེད། ཁོང་ཚོས་མེས་རྒྱལ་གྱི་ཉིང་རྡུལ་ཚན་ཞིབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤེས་རྟོགས་བྱུང་བ་མ་ཟད། སེམས་གཏིང་དུ་རྒྱལ་གཅེས་ཀྱི་ས་བོན་ཞིག་ཀྱང་བཏབ་ཡོད། ཁོང་ཚོས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཀྲུང་ཧྭའི་བུ་ཕྲུག་ཡིན་པའི་རང་ཉིད་ཀྱི་འགན་འཁྲིར་ངོས་འཛིན་སྔར་བས་ཟབ་མོ་བྱུང་བ་མ་ཟད། མེས་རྒྱལ་གྱི་དར་རྒྱས་སྟོབས་འབྱོར་ཆེད་འབད་བརྩོན་ཧུར་ཐག་བྱེད་པའི་ཆོད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང་ཞེས་བཤད། གཞོན་ནུ་ལོ་ཆུང་ཚོས་ཐེངས་འདིའི་བརྗེད་པར་དཀའ་བའི་ཉམས་མྱོང་དང་མྱོང་ཚོར་ཟབ་མོ་ནང་མི་དང་གྲོགས་པོ་ཚོར་བཤད་དེ། མི་དེ་བས་མང་བ་ཞིག་གིས་མེས་རྒྱལ་གྱི་ལོ་རྒྱུས་དང་རིག་གནས་རྒྱུས་མངའ་ལོན་པ་དང་ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་དེ་བས་མང་བ་ཞིག་མེས་རྒྱལ་འཛུགས་སྐྲུན་ནང་ཞུགས་པའི་གོ་སྐབས་ཐོབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཐུན་མོང་ཐོག་རྩོམ་ངེས་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་འབར་གས་ལེགས་གྲུབ་བྱུང་རྗེས་ཀྱི་དྲིལ་བསྒྲགས་བརྙན་པར།

ཞང་ཀང་གི་གཞོན་ནུ་ལོ་ཆུང་ཁག་གཅིག་ཡན་ལག་བཟོ་གྲྭ་དང་པོའི་གཞུང་ལས་ཐོག་ཁང་མདུན་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།