ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཞོ་སྟོན་ལ་ནང་འདྲེན་ཚོང་ཟོག་སྣ་མང་འགྲེམས་ཚོང་བྱེད་པ།

སྤེལ་དུས 2024-08-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན་གྱི་སྔ་དྲོར། བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་དང་པོ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་དང་། རྒྱལ་ཁབ་དང་ས་ཁུལ31ནས་ཡོང་བའི་ཁེ་ལས246དང་ཚོང་པ600ལྷག་ཙམ་བོད་ལྗོངས་ལྷ་སར་འཛོམས་ཤིང་། དེ་ནི་ལོ་བཅུ་ལྷག་ཙམ་རིང་བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནང་འདྲེན་འགྲེམས་ཚོགས་ཤིག་ཡིན་པས། ལྷ་ས་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་གནས་གྲོང་ཁྱེར་ཞིག་ཏུ་གཏོད་པ་དང་། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་མགྱོགས་པོ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

འགོ་ཚུགས་མཛད་སྒོའི་ཡུལ་དངོས།
             ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲེམས་ཚོགས་ནི“ནང་འདྲེན”བརྗོད་དོན་གཙོ་བོར་བྱས་པའི་ལྷ་སའི་ཕྱོགས་བསྡུས་རྣམ་པའི་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་མ་དེ་ཡིན་ཞིང་། ཚོང་ཟོག་འགྲེམས་ཚོང་དང་ཚོང་དོན་གྲོས་མོལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ་སྤེལ་རེས་མཉམ་ལས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་སྟེགས་བུ་ཞིག་ཀྱང་ཡིན།
             འགྲེམས་སྟོན་ཁང་དུ་ནེ་པ་ལ་དང་། སེར་པི་ཡ། མ་ལེ་ཞི་ཡ། ཐེ་ལན། མོང་གོལ་རྒྱལ་ཁབ་བཅས་བརྗོད་དོན་གཙོ་བོའི་འགྲེམས་ཁང5དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུ་དང་ལྷ་སའི་དངོས་པོ་སྤུས་ལེགས་བཅས་ཆེད་དོན་འགྲེམས་ཁུལ2དང་། དེ་བཞིན་རྒྱལ་སྤྱིའི་ཚད་ལྡན་འགྲེམས་གནས279བཙུགས་ཡོད་པར་འགྲེམས་སྟོན་རྒྱ་ཁྱོན་སྨི་གྲུ་བཞི་མ8000ཟིན་ཡོད། འགྲེམས་སྟོན་ཐོན་རྫས་ལ་ནེ་པ་ལའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། སེར་པི་ཡའི་ཀོག་ཧྥེ། མ་ལེ་ཞི་ཡའི་ཞིམ་ཟས། ཐེ་ལན་གྱི་ཤིང་ཏོག་སྐམ་པོ་སོགས་རིགས1000ལྷག་ཙམ་ཚུད་ཡོད་པ་དང་། རྒྱལ་ཁབ་ཁག་གི་ཐོན་རྫས་སྣ་ཚོགས་པ་ལས་མི་རྣམས་ཀྱིས་མིག་དབང་འཕྲོག་སྟེ་ལྷ་སའི་གྲོང་མིར་ནང་འདྲེན་ཐོན་རྫས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད། འགྲེམས་ཚོགས་རིང་ད་དུང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་། རྒྱལ་སྒྲོལ་གྱི་དྲ་ཐོག་ཚོང་དོན་སྤེལ་རེས་ཚོགས་འདུ། རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་མང་པོ་དུས་གཅིག་ཏུ་གཉེར་བ་རེད།

འགྲེམས་ཚོགས་ཀྱི་ནང་ཁུལ།
             འགོ་ཚུགས་མཛད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ལྷ་སའི་ཚོང་འགུགས་མ་འདྲེན་ཐད་ཀྱི་ཕྱོགས6གི་ཐད་གཟིགས་སྐྱོང་སྲིད་ཇུས་ཁག35འོས་སྦྱོར་བྱས་ཏེ་ཕྱི་རྒྱལ་གྱི་སྐུ་མགྲོན་དང་ཁེ་ལས་མཁས་ཅན་དང་འབྲེལ་གཏུག་གཏིང་ཟབ་དང་། ཕན་ཚུན་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་མ་འཇོག་ཚོང་པ་དེ་བས་མང་བ་ལྷ་སར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང“བོད་ལྗོངས་སུ་མ་འཇོག་བྱེད་ན་ལྷ་ས་འདེམས་པའི”སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད།
             ད་ཐེངས་ཀྱི་འགྲེམས་ཚོགས་ནང་ཞུགས་མཁན་ཆེ་ཤོས་ཡིན་པའི་ནེ་པ་ལའི་ཀྲུང་གོའི་བཟོ་ཚོང་ཚོང་ཚོགས་ཀྱིས་ཁེ་ལས60ལྷག་ཙམ་སྒྲིག་འཛུགས་བྱས་ཤིང་། ནེ་པ་ལའི་ཀྲུང་གོའི་བཟོ་ཚོང་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པMaheshwor Prakash Shresthaཡིས“ནེ་པ་ལ་དང་བོད་ལྗོངས་དབར་ས་བབ་འབྲེལ་ནས་ཕྱོགས་གཉིས་པོའི་ཚོང་དོན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་གཉེར་བ་ལས་ཀྲུང་ནེ་ཕྱོགས་གཉིས་པོའི་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྟེགས་བུ་གལ་ཆེན་ཞིག་མཁོ་འདོན་བྱས་པ་དང་རྒྱལ་ཁབ་གཉིས་པོའི་ཚོང་དོན་སྤེལ་རེས་དང་མ་འཇོག་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་བ་དང་། ལྷག་དོན་དུ་ནེ་པ་ལའི་ཐོན་རྫས་ཕྱིར་གཏོང་སྐུལ་ཁྲིད་བྱས་ནས་ཀྲུང་ནེ་ཕྱོགས་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད”ཅེས་བཤད།

གྲོང་མི་དང་ཡུལ་སྐོར་བས་འགྲེམས་ཚོགས་ཉུལ་བཞིན་པ།
             ཕ་ཁི་སི་ཐན་ནས་ཡིན་པའིSajidཡིས་ཚོང་ཤག་ལ“ཁམས་བཟང་། གང་དགོས་ན་ངོ་སྤྲོད་བྱས་ཆོག”ཅེས་ཟེར་བཞིན་ཕ་ཁི་སི་ཐན་གྱི་ལག་ཤེས་གཡང་ཊིའི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་ཡོད། འགྲེམས་ཚོང་བྱ་ཡུལ་དུ་བསྒྲིགས་ཆས་དང་། ཇ་སྣོད། ཆུ་ཚོད་སོགས་སྣ་ཚོགས་ཡོད་པ་དེ་དག་ཧ་ཅང་ཡག་པོ་ཡོད།    ཁོང་གིས“ང་ལྷ་སར་ཡོང་ནས་ཉིན་གསུམ་སོང་། འདི་གར་གནམ་གཤིས་སྐྱིད་པོ་དང་ཁོར་ཡུག་མཛེས་པོ་འདུག ང་ད་དུང་བོད་ལྗོངས་ཀྱི་གཞིས་རྩེར་འགྲོ་མྱོང་། དེ་ནི་ས་ཆ་ཡག་པོ་ཞིག་རེད། ཞོ་སྟོན་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་དུས་ཆེན་ཧ་ཅང་གཟབ་རྒྱས་ཤིག་རེད་ཟེར་བ་གོ་ཐོས་བྱུང་། ངས་གོ་སྐབས་དེ་དང་བསྟུན་ནས་ཕ་ཁི་སི་ཐན་གྱི་བཟོ་རྩལ་ཐོན་རྫས་ལྷ་སར་འཁྱེར་ཡོང་བ་ཡིན། ལྷ་སའི་གྲོགས་པོ་ཚོས་དགའ་པོ་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།

Sajidཡིས་ཉོ་མཁན་ལ་གཡང་ཊིའི་ཐོན་རྫས་ཐུམ་རྒྱག་བཞིན་པ།
             མ་ལེ་ཞི་ཡའི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ་འགྲེམས་སྟོན་ལ་ལྟ་བར་ཡོང་མཁན་གྲོང་མི་དང་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་ཅིང་། ཚང་མས་ཤོག་ཕོར་ཆུང་ཆུང་རེ་འཁྱེར་ནས་ཀོག་ཧྥེའི་བྲོ་བ་མྱོང་བཞིན་ཡོད། འགྲེམས་ཁང་དུ་ལས་ཀ་བྱེད་མཁན་བོད་རིགས་བུ་མོ་ཆུང་ཆུང་ཁ་ཤས་ཀྱིས་འཛུམ་དམུལ་དམུལ་ངང་ཚང་མར་མ་ལེ་ཞི་ཡའི་ཀོག་ཧྥེ་དང་། ཇ་མངར་མོ། ཏན་ཞིམ་སོགས་ཀྱི་བྲོ་བ་མྱོང་དུ་འཇུག  མ་ལེ་ཞི་ཡའི་ཀུང་སི་ཞིག་གི་འགན་འཁུར་བ་ཝང་ཙེ་ཡན་གྱིས“ད་ཐེངས་ང་ཚོས་ལོ50ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ60ལྷག་ཙམ་ལ་བྲིན་ཁ་རྒྱུག་པའི་སྤུས་རྟགས་ཀྱི་ཀོག་ཧྥེ་དཀར་པོ་དང་། འོ་ཇ། ཀ་རའི་ཡན་ཝོ། ཏན་ཞིམ་སོགས་སྦྱོར་རྟ་མེད་པའི་བཟའ་བཅའ་འཁྱེར་ཡོང་ཡོད། འགོ་ཚུགས་ཉིན་མོ་ནས་ཚོང་ཡག་པོ་དང་ང་ཚོའི་ཐོན་རྫས་ལ་དགའ་པོ་འདི་འདྲ་བྱས་ཡོང་སྙམ་པ་མ་བྱུང་། ཕྱིས་སུ་འགྲེམས་ཚོགས་ལ་ཞུགས་པའི་གོ་སྐབས་འདི་ལྟ་བུ་མང་ཙམ་རག་པའི་རེ་བ་ཡོད་ལ་ལྷ་སའི་འཛད་སྤྱོད་པ་དང་ཉོ་སྒྲུབ་ཚོང་པ་དང་ཐད་ཀར་འབྲེལ་བ་བྱས་ནས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱིས་འབྱུང་ལྷ་སར་བརྒྱུད་ཚོང་ཐབས་ལམ་གཏོད་པའི་བསམ་བློའང་ཡོད། ད་ཐེངས་འགྲེམས་ཚོགས་ལ་ཞུགས་པའི་གདན་ཞུའི་ཡི་གེ་འབྱོར་རྗེས། ངས་དྲ་ཐོག་ཏུ་ལས་མི་བསྡུ་བའི་ཆ་འཕྲིན་སྤེལ་བ་ཡིན། ང་ཚོས་ཁྱོན་བསྡོམས་བོད་རིགས་སློབ་ཆེན་སློབ་མ་བཅུ་གྲངས་བསྡུས་ཡོད། ཁོང་ཚོས་དབྱར་གསེང་རིང་ལ་འཚོ་བའི་འགྲོ་གྲོན་ཕྲན་བུ་བསགས་ཐུབ་ལ་སོ་སོར་སྦྱོང་བརྡར་ཡང་ཐེབས་ཡོད། ཕྲུ་གུ་ཚོ་འཇོན་པོ་འདུག”ཅེས་བཤད།

མ་ལེ་ཞི་ཡའི་འགྲེམས་ཁང་དུ་གྲོང་མི་མང་ཚོགས་ཀྱིས་ཀོག་ཧྥེའི་བྲོ་བ་མྱོང་བཞིན་པ།

རྒྱན་ཆ་སྣ་ཚོགས་ཀྱི་འགྲེམས་ཁུལ།
             འགྲེམས་སྟོན་གྱི་ཡུལ་དངོས་སུ། ལྷ་ས་དང་མཐའ་འཁོར་ས་ཁུལ་ནས་ཡོང་བའི་མང་ཚོགས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་མི་ཚོགས་འདུ་འཛི་ཆེ་ཞིང་། ཚང་མ་ཚོང་བཤམས་ས་རེ་རེའི་མདུན་དུ་ཉུལ་ནས་བལྟ་ཞིང་། ཁག་གཅིག་གིས་སྐད་སྒྱུར་བརྒྱུད་ཕྱི་རྒྱལ་གྱི་ཚོང་པ་དང་གླེང་མོ་བྱས་ཏེ་ཨུ་རུ་སུའི་ཤ་རྒྱུ་དང་། ཧིན་རྡུ་ཉི་ཞི་ཡའི་ཞི་བྲུན་ཀོག་ཧྥེ། སེར་པི་ཡའི་ཁྲོག་ལེ་སོགས་ཞིམ་ཟས་སྣ་ཚོགས་ཀྱི་བྲོ་བ་མྱོང་བ་དང་། རྒྱན་ཆ་དང་སྟོད་ལྷེ་སོགས་འདེམས་ཉོ་བྱས་ཏེ་བོད་ལྗོངས་ཀྱི་འགྲེམས་ཚོགས་ལྟེ་གནས་སུ་འཁྲུག་ཆ་དོད་པོ་ཡོད།
             ལྷ་ས་ནས་ཡིན་པའི་ཚེ་གཡང་གིས་ཁུག་མ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་འཁྱེར་ནས་ཁྲ་ཆིལ་ཆིལ་གྱི་གསེར་དངུལ་རྒྱན་ཆས་ལ་ལྟ་བཞིན་ཡོད་ཅིང་། ཁོང་གིས“ཉིན་ཤས་སྔོན་ལ་བརྙན་ཐུང་ནས་རྒྱལ་ཁབ་མང་པོའི་ནང་འདྲེན་ཐོན་རྫས་ཡོད་པ་མཐོང་བྱུང་། དེ་རིང་ཏག་ཏག་གཟའ་མཇུག་ལ་འཁེལ་བས་ང་དང་བཟའ་ཟླ་མཉམ་དུ་ལྟ་བར་ཡོང་བ་ཡིན། ངས་ཨུ་རུ་སུའི་བྱིས་གཟུགས་རྩེད་ཆས་དང་། ནེ་པ་ལའི་ལག་ཤེས་བཟོ་རྩལ་ཐོན་རྫས། ཨོ་སི་ཁྲུ་ལི་ཡའི་སྦྲང་རྩི། ཐེ་ལན་གྱི་རྩྭ་སྔོན་སྨན་རྫས། མོང་གོལ་རྒྱལ་ཁབ་ཀྱི་ཁུ་ལུའི་ཐོན་རྫས། ཤང་ཀང་དང་། ཨའོ་མོན། ཐའེ་དབན་ས་ཁུལ་གྱི་ཏན་ཞིམ་སོགས་ལྟ་བས་མི་ངོམ་པ་མཐོང་བྱུང་། ངས་ཀྱང་རང་ཉིད་དང་གཉེན་གྲོགས་ཚོར་མང་པོ་ཉོས་ཡོད། ལྷ་སར་དངོས་པོ་དཔེ་གསར་དང་ཡག་པོ་འདི་འདྲ་མང་པོ་ཉོ་ཐུབ་པ་ཧ་ཅང་ཡག་པོ་འདུག”ཅེས་བཤད།

ནང་འདྲེན་ཞིམ་ཟས་ཀྱི་འགྲེམས་ཁུལ།

བསྒྲིགས་ཆས་སྣ་ཚོགས་ཀྱི་འགྲེམས་ཁུལ།
             ད་ཐེངས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་ནང་ད་དུང“ལྷ་སའི་དངོས་རྫས་སྤུས་ལེགས”ཀྱི་ཆེད་དོན་འགྲེམས་ཁུལ་ཡོད་ཅིང་། འགྲེམས་ཁུལ་དུ་བོད་ལྗོངས་ཀྱི་ས་གནས་ཁག་གི་ཁྱད་ལྡན་ཐོན་རྫས་ཞོ་དང་། ནས་ཀྱི་ཐོན་རྫས། ཤ་སྐམ་པོ་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཡོད་པ་མ་ཟད། ད་དུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལྗོངས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་ཀྱང་ཡོད་པས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཡོད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྱོང་ཁོའོ་ཡི་ལི་ནའེ་ཤོན་གྱིས། བོད་ལྗོངས་ཀྱི་ས་གནས་ཁག་གི་ཁྱད་ལྡན་ཐོན་རྫས་ལ་དམིགས་ཏེ་ང་ཚོས“ལྷ་སའི་དངོས་རྫས་སྤུས་ལེགས”ཀྱི་སྤུས་རྟགས་ཆེད་མངགས་བཏོད་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པའི་སྟེགས་བུ་ཞིག་བཙུགས་ཡོད།  སྔོན་ཆད་ང་ཚོས་མྱུར་བགྲོད་མེ་འཁོར་སྨྱན་སྦྱོར་ལ་བརྟེན་ནས“དག་ཞིང་ལྷ་ས·མེ་ཏོག་མཉམ་བཞད”ཅེས་པའི་ཐོག་ནས་མྱུར་བགྲོད་མེ་འཁོར་ལ་མིང་བཏགས་ཏེ་འབྲི་ཆུའི་ཟུར་གསུམ་ཁུལ་དང་དེ་བཞིན་པེ་ཅིང་ནས་ཧྲང་ཧའེ་བར་གྱི་ལམ་རྒྱུད་དུ་ལྷ་སའི“སྐོར་སྐྱོད་གྲོང་ཁྱེར་ཉམས་ལེན་ཁང”བསྐྲུན་པ་དང་། ཅང་སུའུ་ཞིང་ཆེན་ཞིང་ལས་འགྲེམས་སྟོན་ལྟེ་གནས་སུ“ལྷ་སའི་དངོས་རྫས་སྤུས་ལེགས”ཀྱི་ཅང་སུའུ་ཞིང་ཆེན་འགྲེམས་ཁང་བཙུགས་ཏེ་ཅང་སུའུ་ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་གི་ཚོང་གཉེར་མ་ལག་ལ་བརྟེན་ནས་ལྷ་སའི་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་བཏང་བ། ནན་ཅིང་དུ“ལྷ་སའི་དངོས་རྫས་སྤུས་ལེགས”འོས་སྦྱོར་ཚོགས་འདུ་ཐེངས་མང་འཚོགས་པ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ལྷ་སའི་གྲོང་ཁྱེར་གྱི་གཟུགས་བརྙན་དང་ས་མཐོའི་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་བྱས་ཡོད། སླད་ཕྱིན་ང་ཚོས་གོ་སྐབས་དེ་བས་མང་བ་དམ་འཛིན་བྱས་ནས“ལྷ་སའི་དངོས་རྫས་སྤུས་ལེགས”བོད་ལྗོངས་ནས་རྒྱལ་ཡོངས་དང་ཐ་ན་ཕྱི་རྒྱལ་དུ་འདྲེན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
             ཉེ་བའི་ལོ་ཤས་རིང་། ལྷ་སས་འཛམ་གླིང་ས་གནས་ཁག་དང་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་སྤེལ་རེས་མཉམ་ལས་གཏིང་ཟབ་དང་རྒྱ་སྐྱེད་དུ་བཏང་ནས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་རྒྱལ་ཁབ169དང་ཚོང་དོན་འགྲོ་འོང་གི་འབྲེལ་བ་བཙུགས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་སྒོ་དབྱེ་དང་། མཉམ་འདྲེས། མཉམ་སྤྱོད་བཅས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་དང་། ཉོ་ཚོང་། འབྲེལ་གཏུག་བཅས་ཀྱི་སྟེགས་བུ་བཏོད་དེ་འགྲེམས་སྟོན་ལ་བརྟེན་ནས་ཚོང་དོན་དར་སྤེལ་གཏོང་བ་དང་ཚོང་དོན་ལ་བརྟེན་ནས་འགྲེམས་སྟོན་ལ་སྐུལ་འདེད་བཏང་སྟེ་ལྷ་སའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བཏོད་པ་དང་། གངས་ལྗོངས་ཀྱི་གནའ་གྲོང་འདི་ཉིད་མ་འཇོག་ལས་དར་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཡུལ་དུ་འགྱུར་བར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་ཟླ8པའི་ཚེས8ཉིན་བར་གཉེར་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་འགྲེམས་སྟོན་ལ་ཕེབས་རྒྱུར་དགའ་བསུ་ཞུ།