ཚེ་རིང་ལྷ་མོ་ལ་ཆིང་ཧྭ་སློབ་ཆེན་གྱི་སློབ་ཞུགས་བརྡ་ཐོ་འབྱོར་བ།
སྤེལ་དུས 2024-08-09
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་མདོ་སྤེ་ཞང་གྲོ་ལུང་གྲོང་ཚོའི་སློབ་མ་ཚེ་རིང་ལྷ་མོ་ལ་ཆིང་ཧྭ་སློབ་ཆེན་གྱི་སློབ་ཞུགས་བརྡ་ཐོ་འབྱོར་ཞིང་། མོ་ནི་གྲོ་ལུང་གྲོང་ཚོའི་ལོ་རྒྱུས་སྟེང་ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མ་དང་པོ་དེ་གྱུར་པ་རེད།
སྦྲག་སྲིད་ལས་དོན་པས་ཚེ་རིང་ལྷ་མོར་སློབ་ཞུགས་བརྡ་ཐོ་སྐྱེལ་བ།
ཚེ་རིང་ལྷ་མོ་ལ་ཆིང་ཧྭ་སློབ་ཆེན་གྱི་སློབ་ཞུགས་བརྡ་ཐོ་འབྱོར་རྗེས། སེམས་འགུལ་ཐེབས་པའི་སེམས་ནས་སྐད་ཆའང་ལས་མཚོན་ཐབས་བྲལ། ཁོ་མོས་མ་འོངས་པའི་སློབ་ཆེན་གྱི་ལོ་བཞིའི་འཚོ་བའི་ནང་། ཆེད་ལས་ཤེས་བྱ་ཧུར་ཐག་གིས་སྦྱོང་བ་དང་། འཇོན་ནུས་མུ་མཐུད་ནས་ཇེ་མཐོ་བཏང་ནས་སླད་ཕྱིན་ཕ་ཡུལ་འཛུགས་སྐྲུན་ཐད་ན་གཞོན་ཚོས་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་དེ་འབུལ་རྒྱུ་ཡིན་ཞེས་བཤད།
ཚེ་རིང་ལྷ་མོར་སློབ་ཞུགས་བརྡ་ཐོ་འབྱོར་བ།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་། ངམ་རིང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འཐུས་མིས་དྭངས་གཙང་གི་ཁ་བཏགས་དཀར་པོ་དང་ཤེས་ལྡན་པ་གསོ་སྐྱོང་མ་དངུལ་འཚམས་འདྲིའི་དངུལ་འཁྱེར་ནས་ཚེ་རིང་ལྷ་མོ་དང་ཁོ་མོའི་ནང་མིར་རྟེན་འབྲེལ་ཞུས་ཤིང་། ཁོ་མོ་ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པ་ནི་ཁྱིམ་ཚང་གཅིག་གི་སྤོབས་པ་ཡིན་པ་མ་ཟད། ཕ་ཡུལ་གྱི་གཟི་བརྗིད་ཀྱང་ཡིན་པས། ཁོ་མོས་ཕ་ཡུལ་གྱི་ཡུལ་མིས་སེམས་ཁུར་དང་། ཕ་མ་དང་དགེ་རྒན་གྱི་བཀའ་སློབ་ཡིད་ལ་དམ་པོར་འཛིན་དགོས་ཤིང་། སློབ་ཆེན་གྱི་དུས་མཚམས་འདི་མི་ཚེ་ཡི་འགོ་ཚུགས་ས་གསར་པ་ཞིག་ཏུ་བརྩི་ནས། མུ་མཐུད་ནས་སློབ་སྦྱོང་ལ་ཧུར་ཐག་དང་། སྙིང་རུས་འབད་འབུངས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རང་ཉིད་ཡར་རྒྱས་དང་། འཇོན་ཐང་ཆེར་གཏོང་། ཕ་ཡུལ་ལ་དྲིན་འཇལ། སྤྱི་ཚོགས་ལ་དྲིན་འཇལ་བཅས་བྱེད་དགོས་པར་སྐུལ་ལྕག་བྱས་པ་རེད།