བོད་ལྗོངས་སུ་མཐོང་དཀོན་པའི་ནད་འདིར་སྨན་བཅོས་ལེགས་གྲུབ་བྱུང་འདུག
སྤེལ་དུས 2024-12-11
ཡོང་ཁུངས།
རྩོམ་པ་པོ།
ཉེ་དུས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གིས་བོད་ལྗོངས་ཀྱི་བྱིས་པའི་རྒྱུངས་པའི་ཤ་གྲིམ་རྙིད་འཁུམ་ནད་ཕོག་པའི་བྱིས་པ་ཞིག་ལ་སྐྱེ་དངོས་སྡེབ་རྫས་ཀྱིས་ནད་གཞི་བཅོས་པའི་སྨན་བཅོས་བྱས་པས། བོད་ལྗོངས་ཀྱི་མཐོང་དཀོན་པའི་བྱིས་པའི་ནད་བཅོས་རྒྱུར་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད་ལ། དེ་བས་མཐོང་དཀོན་པའི་ནད་ཕོག་པའི་བྱིས་པའི་ཁྱིམ་ཚང་ལ་བྱིས་པའི་ནད་གཞི་དྲག་སྐྱེད་ཀྱི་རེ་བ་སྦྱིན་ཡོད།
ནད་པ་དེའི་མིང་ལ་སྒྲོལ་མ(མིང་ཚབ)ཟེར་བ་དང་། ད་ལོ་ལོ3ལ་སླེབས་ཡོད། ལོ་གཉིས་ཀྱི་གོང་བུ་མོ་དེ་གློ་བུར་དུ་རྐང་པར་ཤུགས་མེད་པར་གྱུར་ནས། རང་སྐྱ་འཕེར་བའི་ཐོག་ནས་ཡར་ལང་མི་ཐུབ་པ་དང་། རྒྱུག་བཤར་གློད་མི་ཐུབ་པ། གོམ་པ་ཧ་ཅང་འགོར་པོ་རྒྱག་པ། གོམ་པ་རྒྱག་སྟངས་གཞན་དང་མི་འདྲ་ཞིག་ཏུ་གྱུར་བ་དང་། དེ་རྗེས་ཧྭ་ཞི་སྨན་ཁང་ནས་ཕྲུ་གུ་དེར་རྒྱུངས་པའི་ཤ་གྲིམ་རྙིད་འཁུམ་ནད་ཕོག་པ་གཏན་འཁེལ་བྱས་པ་རེད། དེ་ནས་ཧྭ་ཞི་སྨན་ཁང་ཞོར་གཏོགས་སྨན་ཁང་གཉིས་པའི་བྱིས་པའི་དབང་རྩའི་ཚན་ཁག་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དབང་རྩའི་ཁོག་ནད་ཚན་ཁག་གིས་འབད་བརྩོན་གནང་བའི་འོག ནད་པ་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བྱིས་པའི་ཚན་ཁག་གི་ནད་ཁང་དུ་ཉར་བ་དང་། བྱིས་པའི་ཚན་ཁག་གི་སྨན་པས་སྒྲོལ་མའི་ནད་གཞིར་དཔྱད་དཔོག་གང་ལེགས་བྱས་རྗེས། པེ་ཅིང་སློབ་གྲྭ་ཆེན་མོའི་སྨན་ཁང་དང་པོའི་བྱིས་པའི་ནད་བརྟག་སྨན་བཅོས་ལྟེ་གནས་ཀྱི་དབང་རྩའི་ཚན་ཁག་དང་དེ་བཞིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཁམས་གསོའི་ཚན་ཁག་གི་རིགས་གཅིག་མཁས་པས་དྲ་ཐོག་དྲ་འོག་ནས་མཉམ་དུ་བརྟག་དཔྱད་བྱས་པ་དང་། སྨན་བཅོས་ཀྱི་ཇུས་གཞི་ཞིབ་ཚགས་པོ་བཟོས་པ་མ་ཟད། ཉེ་དུས་བྱིས་པ་དེར་ནོ་ཞི་ན་ཧྲེང་ན་ཞེས་པའི་ཁབ་སྨན་དེ་བརྒྱབ་ནས་སྨན་བཅོས་བྱས་ཡོད། དེ་ནི་བོད་རང་སྐྱོང་ལྗོངས་ནང་ཁུལ་དུ་བྱིས་པའི་ཚན་ཁག་གི་ཁྱབ་ཁོངས་ནང་སྨན་བཅོས་བྱ་ཐབས་དེ་སྤྱོད་ཐེངས་དང་པོ་རེད། སྨན་བཅོས་དེ་ལེགས་གྲུབ་བྱུང་བ་དེས་ནད་པ་ནང་སར་སྨན་བཅོས་བྱེད་པར་འགྲོ་མི་དགོས་པ་བྱུང་བ་དང་། ནད་པའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་ཕྱིན་པ། དེ་བས་ཀྱང་ནད་པའི་དྲག་སྐྱེད་ལ་རེ་བ་སྦྱིན་ཡོད།
རྒྱུངས་པའི་ཤ་གྲིམ་རྙིད་འཁུམས་ནད་ནི་མཐོང་དཀོན་པའི་རྒྱུས་འཁྲིད་རང་བཞིན་གྱི་དབང་རྩ་དང་ཤ་གནད་ཀྱི་ན་ཚ་ཞིག་ཡིན་པ་དང་། ནད་ཐོག་ཏུ་མངོན་པའི་ནད་རྟགས་ནི། གཅིག་ནས་རྐང་ལག་ཐང་ཤ་དོད་པོ་མེད་པའམ་ཤུགས་ཆུང་བ། ཤ་གནད་འཁུམ་འདར་བྱེད་པ། གཉིས་ནས་རུས་ཚིགས་འཁྱོག་པའི་གནད་དོན་ཡོད་པ། གསུམ་ནས་འགྲོ་སྐྱོད་ཐད་ཀྱི་གནད་དོན་ཡོད་པ། དེ་ཡང་ཡར་ལང་དཀའ་བ་དང་། གོག་བགྲོད་དཀའ་བ། འགྲོ་སྐྱོད་དཀའ་བ་བཅས་ཀྱི་གནད་དོན་ཡོད་པ། བཞི་ནས་ཟས་རིགས་མིད་དཀའ་བ། ལྔ་ནས་དབུགས་འབྱིན་རྔུབ་དཀའ་བ་བཅས་ཡིན། དབུགས་འབྱིན་རྔུབ་དཀའ་བར་གྱུར་བ་དེ་ནམ་རྒྱུན་ནད་དེའི་དབང་གིས་མི་གྲོངས་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད། གཞན་ཡང་ནད་དེས་རིག་པ་དང་སློབ་སྦྱོང་ཐད་འགོག་རྐྱེན་བཟོ་ཡི་མེད།
མཇུག་ཏུ་ཞུ་རྒྱུར། གལ་སྲིད་ཁྱེད་རང་གི་ཉེ་འཁོར་དུ་ནད་རྟགས་དེ་འདྲ་ཡོད་པའི་བྱིས་པ་ཡོད་པ་ཡིན་ན། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་འཕྲལ་བཅོས་ཁང་དུ་ཁྲིད་རྒྱུའི་དྲན་སྐུལ་གནང་རོགས།