ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་2024ལོར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་734ཡོང་བའི་བརྩོན་ལེན་བྱེད་པ།

སྤེལ་དུས 2024-03-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར། 2024ལོར་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཐོན་ཁུངས་ནི་རྩ་བ་ཡིན་པ་དང་། ཁྱད་ཆོས་ནི་ངོ་བོ་ཡིན་པ། རིག་གནས་ནི་བླ་སྲོག་ཡིན་པ། ཁྲོམ་ར་ནི་སྟོན་ཕྱོགས་ཡིན་པ་བཅས་མཐའ་འཁྱོངས་ཀྱིས་རིག་གནས་དང་ཡུལ་སྐོར་རིམ་སྤོར་ཐད་ཚད་བརྒལ་གསར་པ་ཡོང་བར་འབད་བརྩོན་བྱས་ཏེ། 2024ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6200ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་734ཡོང་བ་བྱས་ཏེ་དུས་མཚུངས་ལས་13%ཡན་འཕར་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན།
  ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་གྲ་སྒྲིག་ཧུར་ཐག་བྱས་ནས《རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར》བཀྲམ་ནས་ལག་བསྟར་བྱེད་རྒྱུ་དང་། བརྟག་ཞིབ་རྒྱ་ཁྱབ་བྱས་པའི་རྨང་གཞིའི་ཐོག་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད》ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་རྒྱུ། རིག་གནས་དང་ཡུལ་སྐོར་པུའུ་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་ལས་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ། ཡུལ་སྐོར་ལ་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཆར་འགོད་རྩོམ་བཟོ་བྱེད་པར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
  དེ་དང་དུས་མཚུངས“ཡུལ་སྐོར་གྱི་སྤུས་ལེགས་ཞབས་ཞུ་ལེགས་སུ་གཏོང་བ་དང་། སྤུས་དག་མཛེས་ལྗོངས་ཁུལ་གཏོད་པ། སྤུས་ལེགས་ཐོན་རྫས་གཏོད་པ”བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་ལག་ལེན་ཧུར་ཐག་བསྟར་ནས་ཞབས་ཞུའི་ཚད་གཞི་དང་། ལས་རིགས་ཚད་ལྡན། རྒྱུ་རྐྱེན་གཙོ་བོ་གཏོད་པ་སོགས་ལ་དམ་འཛིན་བྱེད་པ་དང་། སྡེ་ཚན་དང་གཏོགས་ཁོངས་ཁུལ་གྱི་འགན་འཁྲི་ནན་དུ་གཏོང་བ། འགན་ནུས་སྡེ་ཚན་གྱིས་མཉམ་དུ་དམ་འཛིན་དང་གཏོགས་ཁོངས་སྲིད་གཞུང་གིས་གཙོ་གནད་ཐོག་བཅོས་སྒྲིག་བྱེད་པའི་མཉམ་འགུལ་ལམ་སྲོལ་ཆགས་པར་བྱེད་པ། ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས“མི་ཚང་མ་ཡུལ་སྐོར་ཁོར་ཡུག་དང་གང་སར་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པའི”མཛའ་མཐུན་གྱི་ཡུལ་སྐོར་བྱ་ཡུལ་གྱི་ཁོར་ཡུག་ཧུར་ཐག་གཏོད་རྒྱུ་དང་། རྩེར་སོན་མཛེས་ལྗོངས་ཁུལ་བསྐྲུན་རྒྱུ་ལྟེ་བར་བྱས་ནས་རྩེར་སོན་ཐོན་རྫས་དང་། ལམ་ཐིག་གཏོད་པ། བྲིན་ཚོང་འོས་སྦྱོར་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་སྟེ། བོད་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་དང་། ཐོན་རྫས་ཀྱི་ཡིད་དབང་འཕྲོག་ཤུགས། རིན་གོང་གི་འགྲན་རྩོད་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།
  གཞན་ཡང་། རྨང་གཞིའི་ལས་དོན་ཐད་ཡུལ་སྐོར་ལ་བརྟེན་ནས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་མུ་མཐུད་ལག་ལེན་བསྟར་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་གྱི་ཚོགས་པའི་བདེ་འཇགས་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཙོ་རྐང་དུ་བྱས་ནས“ཡུལ་སྐོར་དང་ཡུལ་སྐོར”ཟུང་དུ་འབྲེལ་བའི་སྐུལ་འདེད་གཏོང་བ། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་རྐང་འཛིན་ཡུལ་སྐོར་ཁེ་ལས་བོད་དུ་མ་འཇོག་དང་མ་རྩ་བསྡུ་སྒྲིལ་ཡག་པོ་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་འཆར་འགོད་ཡག་པོ་བྱས་ཏེ་རྣམ་གྲངས་དོན་འཁྱོལ་ལ་ཞབས་ཞུ་དང་རྗེས་སྙེག་ཡག་པོ་བྱེད་རྒྱུ། ཡུལ་སྐོར་ལས་རིགས་མི་སྣའི་བསམ་བློ་རིགས་པའི་གཞུང་ལུགས་དང་། འདུ་ཤེས་འཛིན་སྟངས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ལས་རིགས་གཉེར་མཁན་གྱི་སྤྱི་ཡོངས་ཀྱི་ཞབས་ཞུའི་ཆུ་ཚད་དང་ཕྱོགས་བསྡུས་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་བཅས་ཡིན།