ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དེ་སྔའི་སྐྱ་ཐེར་ཐེར་གྱི་གྲམ་ཐང་ད་ཆ་ཤིང་འབྲས་དང་སྔོ་ཚལ་གྱི་ལྡུམ་རར་གྱུར་པ།

—— གྲ་ནང་རྫོང་རྔ་སྒྲ་ཞང་གི“རྩི་ཤིང་བཟོ་གྲྭའི”སྐོར་གྱི་མཐོང་ཐོས།

སྤེལ་དུས 2024-03-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཞང་དུ་གནས་པའི་བོད་ལྗོངས་གྲམ་ཐང་དང་ཞིང་སྡེའི་ཟོག་འབྲེལ་དྲ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ་10ནས་མི་ཆག་པའི“རྩི་ཤིང་བཟོ་གྲྭར”ལོ་འདབ་རྒྱས་པའི་སྡོང་རྐང་སྟར་པ་དང་སྟར་པ་བྱས་ནས་མགོ་བོ་འབུས་བཞིན་མཆིས། ཟླ་ཤས་སོང་རྗེས་དེ་དག་རྡོག་པོ་ཆེ་ལ་ཁ་དོག་ལེགས་པའི་ཀྲོ་མ་ཀྲུ་ཆུང་ཆུང་གི་འབྲས་བུ་བྱུར་བུར་འདོགས་རྒྱུ་རེད།
            བསམ་ཚོད་བྱེད་དཀའ་བ་ཞིག་ལ“རྩི་ཤིང་གི་བཟོ་གྲྭ”དེ་མ་བསྐྲུན་གོང་དེ་གར་ཐང་རྒོད་གྲམ་ཐང་རེད། ཡར་ཀླུང་གཙང་པོའི་ངོགས་སུ་ཆགས་པའི་རྔ་སྒྲ་ཞང་ལ་ཕུན་སུམ་ཚོགས་པའི་འོད་དྲོད་ཐོན་ཁུངས་དང་བེད་མེད་ཀྱི་གྲམ་ཐང་སོགས་རྨོ་ཞིང་མིན་པའི་ཐོན་ཁུངས་ཡོད་མོད། འོན་ཀྱང་ཆུ་དཀོན་པ་དང་ས་རྒྱུ་ཞན་པའི་རྐྱེན་གྱིས་ད་བར་གསར་སྤེལ་ནུས་ལྡན་ཞིག་བྱེད་ཐུབ་མེད།
            2019ལོར་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད། བོད་ལྗོངས་གྲམ་ཐང་དང་ཞིང་སྡེའི་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་གྲམ་ཐང་དེ་གསར་སྦོལ་བྱེད་འགོ་ཚུགས།
            བོད་ལྗོངས་གྲམ་ཐང་དང་ཞིང་སྡེའི་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབྱང་དབྱང་གིས། ས་བཟུང་མུའུ་170ཟིན་པའི་བཟོ་གྲྭར་ཇུས་འགོད་དང་། བཟོ་སྐྲུན། སྒྲིག་ཆས། ཟོག་འབྲེལ་དྲ་བའི་དོ་དམ་ཚོད་འཛིན་སོགས་ཀྱི་ཁེ་བེད་བདག་ཐོབ་དང་མཉེན་ཆས་བཟོ་དབང་ཁག་54ཡོད་པ་མ་ཟད། ད་དུང་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དང་ཧུའུ་ནན་སྐྱེ་དངོས་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་སོགས་སློབ་གླིང་སྒྲིག་གཞི་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་གྱི་ཞིབ་འཇུག་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
            བཟོ་གྲྭར་དེ་སྔ་ནས“ཚོད་ལྟའི་ས་ཞིང”ཞིག་རང་སོར་བཞག་ཅིང་། དེ་གར་གཞི་ཁྱོན་ཆུང་བའི་སྒོ་ནས་སྔོ་ཚལ་དང་ཤིང་འབྲས་རིགས་མང་པོ་འདེབས་མྱོང་ཡོད། ཡིན་ནའང་འགྲོ་སོང་ཆེ་ལ་ལག་རྩལ་ཞན་པ་སོགས་ཀྱིས་རྐྱེན་པས་མ་འཇོག་དང་ཐོན་སྐྱེད་ག་མི་བརྒྱབ་པའི་གནས་ཚུལ་ཐོན་ནས་ལག་རྩལ་ཚོགས་པ་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར། ཕྱིས་སུ་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་ལག་རྩལ་ཚོགས་པས་སེའུ་སྒོང་ཚད་བརྒལ་བྱ་གཞིར་བྱས་ནས་ས་མེད་འདེབས་གསོའི(ཆུ་འདེབས)ལག་རྩལ་སྤྱད་དེ་ཆུ་གསོའི་འདེབས་འཛུགས་རྟེན་གཞི་གཏོད་རྒྱུའི་སེམས་ཐག་བཅད།
            “ང་ཚོས་ཆུ་ལུད་གཞི་གཅིག་གི་རིག་ནུས་ཆུ་འདྲེན་མ་ལག་བརྒྱུད་ནུས་པ་ཆེ་བའི་ཞིང་ལུད་སྡེབ་སྦྱོར་དང་། སྤྱོད་ཚད། སྦུ་གུར་བརྟེན་ནས་ཞིང་ཆུ་འདྲེན་པ་བཅས་ཀྱི་དུས་ཚོད་བཀོད་སྒྲིག་ཡག་པོ་བྱས་པ་དང་། གློག་ཀླད་མ་ལག་གིས་རྩི་ཤིང་སྐྱེ་འཚར་ལ་མཁོ་བའི་དྲོད་ཚད་དང་། བཞའ་ཚན། འོད། དབྱང་གཉིས་ཐཱན་འགྱུར། འཚོ་བཅུད་ཁུ་བ་སོགས་རང་འགུལ་ངང་སྙོམས་སྒྲིག་བྱས་ནས་ཤིང་འབྲས་དང་སྔོ་ཚལ་ཆེད་ལས་ཅན་གྱི་འདེབས་འཛུགས་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་གི་ཡོད” དབྱང་དབྱང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་རེར་བཟོ་གྲྭ་ནས་སྤུས་ཚད་མཐོ་བའི་ཀྲོ་མ་ཀྲུ་ཆུང་ཆུང་ཏུན་2000ཐོན་གྱི་ཡོད་པས་ཤང་ཀང་དང་ཨའོ་མོན་སོགས་ལ་ཕྱིར་གཏོང་བྱེད་པའི་ཚད་གཞི་ལོན་ཡོད། གཞན་ཡང་ལྷ་ས་དང་ལྷོ་ཁ་ཙམ་མ་ཟད་ད་དུང་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཁྲང་ཧྲ་སོགས་སུའང་འཚོང་གི་ཡོད།
            ཉི་འོད་འདང་ངེས་ཡོད་པ་དང་ཆུ་ཉུང་ཙམ་བརྒྱབ་པའི་ཁར་སྤུས་མཐོ་ནུས་ཆེའི་ལག་རྩལ་གང་ལེགས་སྤྱད་པས“རྩི་ཤིང་བཟོ་གྲྭ”དེས་ད་ཆ་ཐོན་འབབ་མང་གཏོང་དང་། སྤུས་ཚད་མཐོར་གཏོང་། ཆུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་། མང་ཚོགས་ལ་འབབ་འཕར་སོགས་ཀྱི་དམིགས་ཚད་མང་པོ་མངོན་འགྱུར་བྱས་དང་བྱེད་མུས་རེད། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཡང་དེ་བས་བརྟན་དུ་འགྲོ་བཞིན་ཡོད།
            ལྷག་སྒྲོན་ནི“རྩི་ཤིང་བཟོ་གྲྭ”འདིའི་ཁྲང་ཀྲང་རེད། དེ་སྔ་ཕྱིར་ལས་ཀར་འགྲོ་གི་ཡོད་པ་དང་བཟོ་གྲྭ་བཙུགས་རྗེས་ཁོང་གིས་ལས་བཟོ་ཆུང་ཆུང་ཞིག་ནས་འགོ་བཙུགས་ཏེ་ལས་ཀའི་ཞོར་ལ་སློབ་སྦྱོང་ཧུར་ཐག་བྱས་པས་ལས་ལ་བརྩོན་ཞིང་ཧུར་སེམས་ཆེ་བའི་ཁོང་2022ལོར་ཁྲང་ཀྲང་ཆགས་པ་རེད། ལྷག་སྒྲོན་གྱིས། རྟེན་གཞིས་རྔ་སྒྲ་ཞང་གྲམ་མདའ་གྲོང་ཚོ་ནས་ས་ཞིང་མུའུ་170བླངས་པས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་3ལྷག་ཙམ་ཡོང་གི་ཡོད། མིག་སྔར་བཟོ་གྲྭར་རྒྱུན་དུ་ལས་ཀ་བྱེད་མཁན་ཞིང་འབྲོག་པ་23ཡོད་པ་ཚང་མ་ཉེ་འཁོར་གྱི་གྲམ་མདའ་གྲོང་ཚོ་དང་རྔ་སྒྲ་གྲོང་ཚོ་ནས་ཡིན་པ་དང་། ཁོང་ཚོར་ཟླ་རེར་ཆ་སྙོམས་གླ་ཕོགས་སྒོར་5000ཙམ་ཡོད་ཅེས་བཤད།