ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ།

སྤེལ་དུས 2024-03-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           བོད་ལྗོངས་ཀྱི་ས་རྒྱ་ཆེ་བ་དང་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པས། ཁྱིམ་གྱི་སྒོ་འགྲམ་དུ་སྨན་པ་བསྟེན་པ་དང་སྨན་ལེན་པ་ནི་མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་བྱེད་པའི་གནད་དོན་ཞིག་རེད། བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་ཆབས་ཅིག་ནད་གཞི་ཚབས་ཆེན་རིགས400ལྷག་ཙམ་བོད་ལྗོངས་ནས་ཡུལ་གཞན་དུ་བསྐྱོད་མི་དགོས་པར་སྨན་བཅོས་བྱེད་ཐུབ་ཀྱི་ཡོད།
            གྲུམ་བུ་ཚིགས་ཆེན་ནད་ནི་རུས་ཚིགས་ཡ་མ་གཟུགས་ཀྱི་ནད་རིགས་ཤིག་ཡིན་པ་དང་། ནད་པའི་ཚིགས་ཆུང་དུ་འགྲོ་བ་དང་ཤ་གནད་ཀྱི་བཟོ་ལྟ་འགྱུར་བ་མ་ཟད། ཐ་ན་ངལ་རྩོལ་གྱི་ནུས་པ་རྦད་དེ་ཤོར་ནས་དེ་སྔ་བོད་ལྗོངས་ཀྱི་ས་ཁུལ་ཁག་གཅིག་གི་མང་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་བཟོ་མྱོང་ཡོད།
 
 
            བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནག་ལྕོག་ཞང་གྲོང་དབར་གྲོང་ཚོའི་གྲོང་མི་དགའ་བློ་ད་ལོ་ལོ49ལ་སླེབས་པ་དང་གྲུམ་བུ་ཚིགས་ཆེན་ནད་ཕོག་ནས་ལོ་བཅུ་ལྷག་ཙམ་སོང་ཡོད།  2022ལོར། དགའ་བློ་ཡིས་པུས་ཚིགས་གཡོན་པ་གཤགས་བཅོས་བྱས་པ་རེད།  མི་རིང་བའི་གོང་། ཁོང་གིས་སླར་ཡང་ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་རིན་མེད་ངང་པུས་ཚིགས་གཡས་པ་གཤགས་བཅོས་བྱས་པ་རེད།   
            “ད་ཆ་དྲག་སྐྱེད་ཡག་པོ་བྱུང་འདུག དེ་སྔ་གཤགས་བཅོས་བྱེད་པའི་ཆ་རྐྱེན་མེད་པ་དང་ད་ཆ་དངུལ་སྐར་མ་གཅིག་ཀྱང་གཏོང་དགོས་ཀྱི་མེད་པས་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དགའ་བློས་བརྗོད་པ་རེད།
            2013ལོ་ནས་བཟུང་། བོད་ལྗོངས་ཀྱིས་གྲུམ་བུ་ཚིགས་ཆེན་ནད་ཕོག་ཁུལ་དུ་ཆུ་སྤུས་ལེགས་སུ་གཏོང་བ་དང་། འབྲུ་རིགས་བརྗེ་བ། ས་ཆ་གཞན་དུ་གནས་སྤོ་བྱེད་པ་སོགས་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་སྤྱད་པ་དང་འབྲེལ་རིམ་རྩིས་བྱས་ན་སྒོར་ཁྲི3500བཏང་ནས་གྲུམ་བུ་ཚིགས་ཆེན་ནད་ཕོག་མཁན་ལ་རིན་མེད་ངང་སྐྱོབ་བཅོས་བྱས་ཡོད།   
            ནད་གཞི་ཐོན་མང་བའི་རིགས་བཀག་འགོག་བྱེད་པ་ནི་བོད་ལྗོངས་ཀྱི་སྨན་བཅོས་བདེ་ཐང་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་བའི་བསྡུས་རིས་ཤིག་རེད།  2023ལོར་སླེབས་སྐབས་བོད་ལྗོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི1821བསྐྲུན་ཟིན་པ་དང་། ནད་རིགས་ཆེ་གྲས400ལྷག་ཙམ་བོད་ལྗོངས་ནས་ཡུལ་གཞན་དུ་བསྐྱོད་མི་དགོས་པར་སྨན་བཅོས་བྱེད་ཐུབ་ཀྱི་ཡོད།  
          ད་ལོ་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་མུ་མཐུད་མཐོ་རུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དེ་གཙོ་གནད་རྫོང་དུ་སྤེལ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་རེད།  
            བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཐན་ཤང་ཏུང་གིས“འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། ང་ཚོས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་སྟེ་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁར་སྤུས་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་ཡིན”ཞེས་བཤད།