ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཡར་འབྲོག་གཡུ་མཚོའི་འགྲམ་དུ་བྱུང་བའི་མི་སེམས་འགུལ་བའི་གནས་ཚུལ་ཞིག

སྤེལ་དུས 2024-03-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཟླ3པའི་ཚེས21ཉིན་གྱི་ཕྱི་དྲོ། ས་བབ་མཐོ་ཚད་སྨི4998ཟིན་པའི་བོད་ལྗོངས་ཡར་འབྲོག་གཡུ་མཚོ་རུ་ཁ་བ་ཆེན་པོ་བབས་པ་དང་། སྐབས་དེར་ལོ་ན་མཐོ་བའི་བགྲེས་སོང་ཞིག་གློ་བུར་དུ་དབུགས་ཆད་ནས་དྲན་མེད་དུ་བརྒྱལ་བ་རེད། ཛ་དྲག་ཆེ་བའི་སྐབས་དེར། ཝུའུ་ཧན་གྲོང་ཁྱེར་ཆིང་ཧྲན་ཆུས་ཝུའུ་ཏུང་ཁྲོམ་ལམ་ནུབ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་གཙོ་འགན་སྨན་ཞབས་པ་ལུའུ་ཅིང་གིས་དུས་ཐོག་ཏུ་བགྲེས་སོང་དེར་མྱུར་སྐྱོབ་བྱས་པ་མ་ཟད། མྱུར་སྐྱོབ་རླངས་འཁོར་མ་སླེབས་བར་བགྲེས་སོང་ལ་ལྟ་སྐྱོང་བྱས་ཏེ་བསྡད། 
 
            ཚེས21ཉིན་གྱི་ཆུ་ཚོད17དང་སྐར་མ8སྟེང་དུ། གུང་སེང་རོལ་བཞིན་པའི་ལུའུ་ཅིང་གིས་ས་བབ་མཐོ་ཚད་སྨི4998ཟིན་པའི་ཡར་འབྲོག་གཡུ་མཚོ་རུ་ཡུལ་སྐོར་བྱེད་སྐབས་སུ་མི་ཚོགས་ཀྱི་དཀྱིལ་ནས་གློ་བུར་དུ་འུར་སྒྲ་ཞིག་ཐོས། ཁོང་མི་ཚོགས་ཀྱི་འགྲམ་དུ་ཕྱིན་ནས་ཞིབ་པར་ལྟ་དུས། དབུ་སྐྲ་དཀར་པོར་གྱུར་བའི་བགྲེས་སོང་ཞིག་རྐུབ་སྟེགས་གཉིས་ཀྱིས་བཟོས་པའི་གནས་སྐབས་ཉལ་ཁྲི་ཆུང་ཆུང་ཞིག་གི་ཐོག་ཏུ་དྲན་མེད་དུ་བརྒྱལ་ནས་ཉལ་འདུག་པ་མཐོང་།
            ལུའུ་ཅིང་བགྲེས་སོང་དེའི་འགྲམ་དུ་སླེབས་སྐབས། བགྲེས་སོང་དེའི་གདོང་མདོག་སེར་པོ་དང་མཆུ་ཏོ་གཉིས་སྐྱ་བོར་གྱུར་ཏེ་དྲན་མེད་དུ་བརྒྱལ་ཟིན། སྨན་པ་ལུའུ་ཅིང་གིས་རང་གི་ལག་པ་བགྲེས་སོང་གི་སྣ་ཁུང་མདུན་དུ་བཞག་ནས་ཁོའི་བྲང་ཁོག་ལ་ལྟ་ཞིབ་བྱེད་དུས་སུ། ཁོས་བགྲེས་སོང་དེས་རང་འགུལ་ངང་དབུགས་འབྱིན་རྔུབ་བྱེད་ཐུབ་ཀྱིན་མེད་པ་ཤེས། ལུའུ་ཅིང་གིས་དེ་མ་ཐག་ཏུ120ལ་ཁ་པར་རྒྱག་དགོས་ཀྱི་འདུག སྙིང་གི་འཕར་ལྡིང་དང་དབུགས་འབྱིན་རྔུབ་མེད་པར་གྱུར་འདུག་པས། མྱུར་དུ་གློ་སྙིང་སླར་གསོ་བྱེད་དགོས་འདུག་ཅེས་བཤད།
 
            མྱུར་སྐྱོབ་བདེ་བླག་ཡོང་ཆེད། ལུའུ་ཅིང་གིས་མཉམ་དུ་ཡོད་པའི་ལས་རོགས་རྣམས་ལ་ལས་བགོས་བརྒྱབ་ཅིང་། མི་གཅིག་གིས་བྲང་ཁ་ནན་ནས་གློ་སྙིང་སླར་གསོ་བྱས་པ་དང་། གཅིག་གིས་མི་ཐབས་དབུགས་འབྱིན་བྱས། དེ་ལྟར་ཚོ་ཆུང་དང་པོ་དང་། གཉིས་པ། གསུམ་པ་བཅས་ནས་མྱུར་སྐྱོབ་ཀྱི་ལས་རིམ་ཐེངས་བདུན་ཙམ་བརྒྱུད་རྗེས། གཞི་ནས་བགྲེས་སོང་གི་མཆུ་ཏོ་དམར་མདངས་ལྡན་པར་གྱུར་པ་དང་། སྙིང་རྩའི་འཕར་ལྡིང་ཡང་རིམ་བཞིན་སླར་གསོ་བྱུང་། བགྲེས་སོང་ཁོང་གི་གཟུགས་པོའི་གནས་ཚུལ་ཇེ་ལེགས་སུ་ཕྱིན་པ་མཐོང་རྗེས། ལུའུ་ཅིང་གིས་རང་ཉིད་ཀྱིས་བསྣམས་པའི་མྱུར་ཕན་སྙིང་སྐྱོབ་སྨན་སྦྱིན་པར་མ་ཟད། བགྲེས་སོང་གི་གཟུགས་པོར་མུ་མཐུད་ལྟ་ཞིབ་བྱས།
            དེ་ནས་མྱུར་སྐྱོབ་རླངས་འཁོར་སླེབས་པའི་རྗེས་ལུའུ་ཅིང་སོགས་གཞི་ནས་བློ་བདེ་པོར་གྱུར་ཅིང་། ཁ་འབྲལ་ཁར་ཁོང་གིས་ད་དུང་རང་གི་ལག་ནང་གི་མྱུར་ཕན་སྙིང་སྐྱོབ་སྨན་དང་རྒུན་འབྲུམ་ཧྭགས་བཅས་སྨན་དོན་མི་སྣར་སྤྲད་ནས་བགྲེས་སོང་ལ་སྟེར་དགོས་ཚེ་སྟེར་རོགས་ཞེས་བཤད།
 
            ད་ཆ་ལུའུ་ཅིང་ངལ་གསོ་མཇུག་བསྒྲིལ་ནས་ལས་གནས་ཐོག་བསླེབས་ཡོད་པ་དང་། ཁོང་གིས་ད་ཐེངས་ཀྱི་ཡུལ་སྐོར་སྐབས་ཀྱི་གནས་ཚུལ་དེའི་སྐོར་གླེང་སྐབས། ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་ནི་སྨན་དོན་མི་སྣའི་འོས་འགན་རེད། ང་ཚོས་ནམ་རྒྱུན་ནས་ནད་པའི་ལྟ་ཕྱོགས་ནས་བསམ་བློ་མང་ཙམ་གཏོང་དགོས་པ་དང་། གལ་སྲིད་ཛ་དྲག་གནས་ཚུལ་འཕྲད་ཚེ་མདུན་དུ་ཤོར་རྐྱང་བྱེད་དགོས་ཞེས་བསླབ་བྱ་གནང་འདུག