ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

[ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན།] གནས་སྤོར་སྔ་རྗེས་ཀྱི་ས་ངན་མིའི་འགྱུར་ལྡོག་ཆེན་པོ།

སྤེལ་དུས 2024-04-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ3པའི་ཚེས28ཉིན་པི་ཅིང་དུ་འཚོགས་པའི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ65འཁོར་བར་དྲན་གསོ་བྱེད་པའི་རིག་གཞུང་བགྲོ་གླེང་ཐོག་ཏུ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་ཞུ་ཆེན་ཟུར་པ།  རྩོམ་པ་པོ་མཱ་ལི་ཧྭ་ལགས་ཀྱིས་ལོ་ངོ་ཞི་བཅུའི་རིང་ལ་ཁོང་གིས་མིག་མཐོང་ལག་ཟིལ་བྱུང་བའི་བོད་ལྗོངས་ཀྱི་གཏམ་རྒྱུད་སེམས་འགུལ་ཐེབས་པ་དག་ཀུན་ལ་མཉམ་སྤྱོད་བྱས།
        ཁོང་གིས།  “1976ལོ་ནས་བཟུང་།  ངས་བོད་ལྗོངས་སུ་ལོ་ངོ27གྱི་རིང་ལ་ལས་ཀ་བྱས་པ་ཡིན།  དེའི་རིང་ལ་རང་ཉིད་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་རྫོང་དང་ཞང་མང་པོར་བསྐྱོད་པའི་གོ་སྐབས་བྱུང་བ་དང་།   སྐབས་དེའི་མཐོང་ཐོས་མྱོང་གསུམ་ཚང་མ་ཡི་གེར་ཕབ་རྗེས་སུ་དཔེ་དེབ་བཞི་ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་ཤིག་ལེགས་འགྲུབ་བྱུང་ལ།  དུས་དེ་ནས་བཟུང་སྟེ་བདག་གི་སྨྱུག་ཁ་དང་འབྲེལ་བ་ཆགས་པའི་ས་ཆ་དང་མི་ཚོགས་ལ་འབྲེལ་འདྲིས་བྱེད་འགོ་ཚུགས་པས།  ལུས་པོ་བོད་ལྗོངས་དང་ཁ་བྲལ་ན་ཡང་སེམས་པ་བོད་ལྗོངས་དང་ཁ་ཕྱོགས་ནས་ཡོད་པ་དང་།  མུ་མཐུད་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཁོང་ཅག་ལ་དོ་སྣང་བྱེད་བཞིན་ཡོད་ལ།  དཔེ་དེབ་དཔར་ཐེངས་རེ་རེའི་གོ་སྐབས་དང་བསྟུན་ནས་ཁོ་ཚོའི་རྗེས་ཀྱི་གཏམ་རྒྱུད་དག་ཀྱང་ཁ་གསབ་བྱེད་བཞིན་ཡོད”ཅེས་བཤད།  ཁོང་གིས་མུ་མཐུད་དུ“ལོ་བཞི་བཅུ་ལྷག་གི་འཕོ་འགྱུར་གྱིས་དཔེ་ཚོགས་འདིའི་ནང་དོན་དང་དུས་ཚོད་ཀྱི་སྐྱ་ཐིག་གྲུབ་ཡོད་ལ།  ཡང་ན་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་རྒྱབ་ལྗོངས་ཆེན་མོའི་འོག་གི་བོད་ལྗོངས་གཞི་རིམ་ཞིང་གྲོང་གི་འཕེལ་རྒྱས་ཡར་ཐོན་དང་རིག་གནས་འཕོ་འགྱུར་ཡང་མཚོན་ཡོད།  འདི་ལས་མཐོང་ཐུབ་པ་ནི་མཁར་གྲོང་གི་རྣམ་པ་དང་ངོ་གདོང་ལ་འགྱུར་ལྡོག་བྱུང་བ་ཁོ་ན་ཙམ་མ་ཡིན་པར།  དུས་རབས་ཆེན་མོས་སྤྲད་པའི་གོ་སྐབས་ཀྱིས་མི་སྐོར་ཞིག་གི་ལས་དབང་ལ་འགྱུར་ལྡོག་བྱུང་བ་དེ་རེད།  དེ་ནི‘ལོ་ངོ་བརྒྱ་ལ་འཕྲད་པར་དཀའ་བ’འམ་ཡང་ན‘ལོ་ངོ་སྟོང་ལ་ཐོབ་པར་དཀའབ’ཞེས་བརྗོད་ནའང་མི་འོས་པ་ཆེར་མེད། 
        མཱ་ལི་ཧྭ1991ལོ་དང2001ལོར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ས་ངན་ཁུལ་ལ་ཐེངས་གཉིས་སུ་བསྐྱོད་མྱོང་ལ། དེ་རྗེས་སླར་ཡང་རེས་སྐོར་གཉིས་པར་གནས་སྤོ་བྱས་པའི་ས་ངན་མང་ཚོགས་ཀྱི་རྗེས་སུ་ཕྱིན་མྱོང་བ་དང་། 2006ལོ་དང2023ལོ་གཉིས་ལ་སླར་ཡང་ཉིང་ཁྲིར་བསྐྱོད་པས།  ས་ངན་མང་ཚོགས་ཀྱི་གནས་སྤོར་སྔ་ཕྱིའི་དངོས་པོ་དང་བསམ་པའི་ཕྱོགས་ཀུན་གྱི་འཕོ་འགྱུར་བདེན་དཔང་གནང་ཡོད།
        ངོ་སྤྲོད་བྱས་པར་གཞིགས་ན།  བོད་སྐད་དུ་ས་ངན་ཞེས་པ་ནི“ས་ཆ་ངན་པ”ཞེས་པར་གོ་བ་བླངས་ཆོག་ལ།  ས་ཆ་ངན་པ་ནི་མི་རྣམས་འཚོ་སྡོད་བྱེད་མི་འོས་པའི་ས་ཆ་ལ་ཟེར།   དེར་བརྟེན།  དུས་རབས་རྙིང་པར་ས་ངན་མང་ཚོགས་ཀྱིས་དབུལ་ཕོངས་ཀྱི་ཁྲོད་དུ་འཚོ་གནས་ལ་འབད་དགོས་པས།  ཁོ་ཚོས་ཡུལ་དེ་འདྲ་ཞིག་ཏུ་འཚོ་གནས་ཀྱི་ཐབས་ལམ་ཞིག་འཚོལ་རྒྱུ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་པ་སྨྲས་མ་དགོས།  དེ་བས་ལོ་རྒྱུས་ཀྱི་དྲན་པ་དང་རྒྱ་བོད་ཡིག་ཚགས་འབོར་ཆེན་དང་རྡོ་རིང་སོགས་ཀྱི་ནང་དུ་ས་ངན་གྱི་སྐོར་གླེང་དུས་ལྡོག་ཕྱོགས་ཁོ་ན་ལས་མེད་ལ། དེང་གི་དུས་སུའང་སྤྱི་ཚོགས་རིག་པའི་མཁས་པ་དག་གིས་ཞིབ་འཇུག་བྱེད་པའི་རིགས་ཡན་གར་བ་ཞིག་རེད།  ལོ་ངོ་མང་པོའི་རིང་ལ།  མི་དམངས་སྲིད་གཞུང་གིས་ས་ངན་ལ་རྣམ་པ་མང་པོའི་ཐད་ནས་རོགས་སྐྱོར་རམ་འདེགས་བྱས་པས། ད་ལྟ་ཡུལ་འདི་ནས་འཚོ་བ་འཁྱོལ་དཀའ་བའི་གནས་བབ་ལས་ཐར་ཏེ།  རྩ་བའི་ཆ་ནས་གནད་དོན་ཐམས་ཅད་ཐག་བཅད་ཡོད།   དབུལ་པོར་གྱུར་ན་བསམ་པ་འགྱུར་ཞེས་པ་ནང་བཞིན།   ས་ངན་གྱི་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་ལ་རེ་སྙེག་བྱེད་བཞིན་ཡོད་དེ།  དུས་རབས་གོང་མའི་ལོ་རབས70པའི་ནང་ལ་མང་ཚོགས་སྐོར་ཞིག་རྫོང་གི་མཐའ་འཁོར་དུ་གནས་སྤར་ནས་བསྡད་མོད།  ཆ་རྐྱེན་གྱི་བཀག་རྒྱ་ཐེབས་པའི་རྐྱེན་གྱིས་ལེགས་འགྲུབ་མ་བྱུང་། 
        མཱ་ལི་ཧྭ་ལགས་ན་རེ།  “ས་ངན་གྱི་མི་རྣམས་བསོད་ནམས་ཆེན་པོ་རེད།  གོ་སྐབས་ཐེངས་གཉིས་ལ་རགས་བྱུང་།   གཅིག་ནི་དུས་རབས་འདིར་ལག་བསྟར་བྱས་པའི‘འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞི(བསྡུས་ན‘རང་སྲུང’ལས་གཞི་ཟེར།)དང་།  ཅིག་ཤོས་ནི་ལོ་འདི་དག་གི་རིང་ལ་ལག་བསྟར་བྱས་དང་བྱེད་བཞིན་པའི‘དབུལ་ཐར་མཁྲེགས་གཏོར’འཐབ་འཛིང་ཁྲོད་ཀྱི་གནས་སྤོར་ལས་འགུལ་རེད།  ད་ལྟ་གཞི་ནས་མང་ཚོགས་ཚང་མ་གནས་སྤར་ཟིན།   བྱེད་སྟངས་འདི་གཉིས་ཀྱིས་ས་ངན་མི་རྣམས་ཀྱི‘གནམ་གྱིས་བསྐོས་པའི’ལས་དབང་ལ་འགྱུར་ལྡོག་བཏང་བ་དང་ལྷན་དུ།  དབུལ་ཕོངས་དང་བསགས་པའི་གནད་དོན་ཐམས་ཅད་རྩ་ནས་སེལ་བས།   གནའ་ནས་བཟུང་དུས་རབས་རེ་རེའི་སྲིད་གཞུང་གིས་བསྒྲུབ་འདོད་ཀྱང་སྒྲུབ་མི་ཐུབ་པའི་བྱ་བ་བསྒྲུབས་པ་རེད།”  ཡང་ཁོང་གིས།  “དངོས་གནས།  འགྱུར་ལྡོག་བྱུང་བའི‘གནམ་གྱིས་བསྐོས་པའི་ལས་དབང’དེ་ནི་འཚོ་གནས་བྱེད་པར་མི་འཚམ་པའི་ཁོར་ཡུག་ལ་ཟེར་ཏེ།  དེ་ལ་འགྱུར་ལྡོག་བྱུང་བ་དེའང་མི་རབས་གཅིག་དང་གཉིས་ཙམ་མིན།”
        མཱ་ལི་ཧྭ་ལགས་ཐེངས་གཉིས་པར་ས་ངན་དུ་འགྲོ་དུས་ནི2001ལོ་རེད།   དེ་ནི‘རང་སྲུང’ལས་གཞིའི་གནས་སྤོར་སྐུལ་སློང་དང་མིང་ཐོ་འགོད་པའི་དུས་རེད།  ཡུལ་དངོས་ནས་ཁོང་ཅག་གི་བརྩེ་བ་ཚོར་ཐུབ།   ཁོ་མོས་ས་ངན་མུར་ཕྱག་གྲོང་ཚོའི་འགོ་གཙོ་ཨ་སྲུང་རྡོ་ཁྱུང་ཚང་ནས་སྟེང་སྐས་ལ་འགོ་སྟངས་ཐད་རོལ་མྱོང་བྱས།  ཉི་མ་དེར།  ཨ་སྲུང་གིས་ཆེད་དུ་བོད་ཆང་ཉོས་ནས་མགྲོན་པོ་དག་ལ་སྣེ་ལེན་བྱས་ཤིང་།  ཆང་འཐུང་ཞོར་དུ་ཁོང་གི་འཚོ་བའི་དཀའ་ཚེགས་དང་།   ཁོང་གི་སེམས་ཀྱི་འདུན་པ་གླེང་བྱུང་།   ཁོས་གནས་སྤར་རྗེས་སུ་ཡོད་ཚད་ཇེ་ལེགས་སུ་འགྲོ་བའི་རེ་བ་ཆེན་པོ་འཆང་བཞིན་འདུག་ལ།  སྐབས་དེར་ཁོས“ལོ་ངོ་ཁྲི་སྟོང་ལའང་ཐུག་དཀའ་བ”ཞེས་པ་ཐེངས་དུ་མར་གླེང་བྱུང་།   མཱ་ལི་ཧྭ་ཡིས་བརྗེད་པར་དཀའ་བའི་གནས་ཚུལ་འདི་དག《བོད་ཤར་གྱི་དམར་པོ་རི་རྒྱུད》ཅེས་པར་བཀོད་འདུག 
པར་རིས་ནི་ལོ་ངོ་ཉི་ཤུའི་རྗེས་སུ་མཱ་ལི་ཧྭ་ཉིང་ཁྲི་གྲོང་ཁྱེར་འབུམ་སྐྱེས་གྲོང་ཚོ་ནས་ཨ་བསམ་དང་འཕྲད་ཅིང་།  ཁོང་ཚང་གི་སྤྲོས་ཁང་གི་མདུན་ནས་མཉམ་པར་བསྐྱོན་པ།
        ལོ་ངོ་ཉི་ཤུ་འགོར་རྗེས་ཏེ།   2023ལོར་མཱ་ལི་ཧྭ་དང་ཨ་བསམ་གཉིས་ཉིང་ཁྲི་གྲོང་ཁྱེར་འབུམ་སྐྱེས་གྲོང་ཚོནས་ཡང་བསྐྱར་འཕྲད་བྱུང་།   བསམ་ཡུལ་འདས་པ་ཞིག་ལ་ཁོ་ས་གནས་དེའི་ཕྱུག་བདག་དང་པོར་གྱུར་པ་དང་།  དུས་མཚུངས་སུ་གྲོང་མི་དག་གི་སྣེ་ཁྲིད་ནས་ཕྱུག་འགྱུར་གྱི་ལམ་ལ་སྙེག་བཞིན་འདུག་ཅིང་།  གྲོང་ཚོའི་འགོ་གཙོ་རུའང་གྱུར་འདུག    ཡང་བསྐྱར་འཕྲད་རྗེས་སུ་ཁ་བརྡའི་ནང་དོན་ཚང་མ་ལོ་འདི་གའི་རིང་གི་འབད་བརྩོན་གྱི་མྱོང་བ་དང་འབྲེལ་ཅིང་།  མཐར་ཉིང་ཁྲི་འཛུགས་སྐྲུན་བྱེད་མཁན་ཞིག་གི་གཟི་བརྗིད་དང་བཅས་ཕྱུག་འགྱུར་གྱི་ཉམས་མྱོང་དག་གླེང་བྱུང་བ་སྟེ།  དེ་ནི་གཅིག་ནས་དུས་རབས་བཟང་པོའི་སྲིད་ཇུས་བཟང་པོ་ལ་བརྟེན་དགོས་པ་དང་།  གཉིས་ནས་རང་གི་ལག་པ་གཉིས་ཀྱི་འབད་བརྩོན་ལ་བརྟེན་དགོས་པ་དེའོ། །  དེའི་ཕྱིར་ཁོང་ད་དུང་མིག་དཔེ་རུ་བདམས་ཏེ་ད་ལྟའི་གནས་སྤོར་གྲོང་ཚོ་གསར་པ་དག་ལ་གདན་དྲངས་ནས་ཡུལ་མི་དག་ལ་འདུག་བདེ་ལས་སྤྲོ་སྐོར་ནས་སྐུལ་མ་གཏོང་བཞིན་འདུག 
        མཱ་ལི་ཧྭ་ཡིས“སྐབས་དེར་ཁྱོས་ཉིང་ཁྲིར་ཕྱིན་རྗེས་ནུ་བོ་དག་ལ་ཁང་པ་གསར་པ་བསྐྲུན་རྒྱུ་དང་།  ཁོ་ཚོ་དག་ལ་རོགས་རམ་བྱས་ཏེ་ཁྱིམ་སོ་འཛིན་པའི་སྐོར་ནས་སྨོན་ལམ་བརྒྱབ་མྱོང་།  ད་ལྟ་དེ་དག་ཅི་འདྲ་འདུག” ཅེས་འདྲི་དུས།  ཨ་བསམ་གྱིས“ཡོད་ཚད་མངོན་འགྱུར་བྱུང་ཟིན་ལ།  སྐབས་དེའི་སྔོན་དཔག་ལས་ཀྱང་ལྡབ་འགྱུར་གྱིས་བཟང”ཞེས་ལན་བཏབ་བྱུང་། 
        2023ལོར་ཉིང་ཁྲིར་འགྲོ་དུས་སུ།   མཱ་ལི་ཧྭ་ཡིས་ད་དུང‘རང་བྱུང་ལས་གཞིའི’ས་ངན་གནས་སྤོར་དུད་ཚང་བཀྲ་ཤིས་ཀུན་བཟང་ལའང་འཚམ་འདྲི་བྱས།   2006ལོར་ཁོང་ཚང་གི་སྒོ་རྩར་འགྲོ་དུས།  ཕོ་ལོ20སོན་པོའི་བཀྲ་ཤིས་ཀུན་བཟང་གིས་ཕྱི་རུ་ཞོར་ལས་བྱེད་བཞིན་འདུག་ལ།   ཁོའི་ནུ་བོ་དང་སྲིང་མོ་གཉིས་གནས་སྤོར་སྐབས་སུ་ད་དུང་སློབ་སྔོན་སློབ་གསོའི་ལོ་ན་རེད།  འོན་ཀྱང་ད་ལྟ་ཁོང་གཉིས་ཀས་སི་ཁྲོན་དང་བོད་ལྗོངས་ན་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་།  ཁོང་རང་ཉིད་ཀྱང་སྤྱི་སེམས་ཆེ་བས་ལོ་བཅུའི་སྔོན་ནས་བཟུང་ཏང་ལ་ཞུགས་འདུག་པར་མ་ཟད།   ད་ལྟ་སྐྱིད་སྦུག་གྲོང་ཚོའི་འགོ་གཙོ་རུ་བདམས་འདུག  
གནས་སྤོར་མང་ཚོགས་ཀྱི་ཁྱིམ་རྙིང་དང་ཁང་གསར་གྱི་ཞིབ་བསྡུར། 
        ‘རང་བྱུང’ལས་གཞིའི་ཁྲོད་ཐེངས་དང་པོར་གནས་སྤར་ནས་ཉིང་ཁྲིའི་རྫོང་སོ་སོར་ཡོང་བ་ལ་བསྡོམས་པས་མི3000ཡོད་ཅིང་།  ད་ལྟ་སྔ་མོ་ནས་ས་གནས་ཀྱི་སྤྱི་ཚོགས་ཁྲོད་མཉམ་འདྲེས་བྱུང་ཟིན།   གནས་སྤོར་ལ་རེ་སྒུག་བྱེད་པའི་ས་ངན་གྱི་མི་རྣམས་ཀྱིས་ལོ་ངོ་བཅུར་སྒུག་རྗེས་སུ།  2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་དབུ་ཁྲིད་དེ་འཛོགས་པའི“དབུལ་ནག་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུ”ཚོགས་རྗེས་སུ།   བོད་རང་སྐྱོང་ལྗོངས་ཀྱིས་གནས་ཡུལ་གཞན་སྤོར་ལ་ཤུགས་བརྒྱབ་པ་དང་།  ས་ངན་ལ་གཏན་ཁེལ་བྱས་པའི་བྱེད་ཐབས་མཐའ་མ་ནི།  ཡོད་ཚད་གནས་སྤོར་བ་ལས་ཆ་ཤས་ཙམ་མ་ཡིན་པ་དང་།   བཀོད་སྒྲིག་བྱེད་པ་ནི་ས་ཁུལ་དང་གྲོང་ཁྱེར་བརྒལ་བ་ལས(ཆབ་མདོ)ས་གནས་རང་གིས“འཇུ་བ”མ་ཡིན་པའོ། །  གནས་སྤོར་ས་ནི་ལྷ་ས་དང་ཉིང་ཁྲི།  ལྷོ་ཁ།  གཞིས་ཀ་རྩེ་བཅས་ཡིན།  ཐེངས་འདིའི་འགུལ་བསྐྱོད་ཧ་ཅང་མགྱོགས་པ་སྟེ།  2019ལོའི་ལོ་མཇུག་བར་དུ་མི་གྲངས་ཁྲི་ལས་བརྒལ་བའི་གནས་སྤོར་ལས་གཞི་རྩ་བའི་ཆ་ནས་མཇུག་རྫོགས་ཡོད་ཅེས་བཤད་ནའང་།  དོན་དངོས་སུ་ཕྱུགས་ཟོག་ཚང་མ་ཕ་ཡུལ་དུ་བསྐྱུར་ཡོད་པས།  མ་འོངས་པར་ད་དུང་ལོ་ངོ་བཅུ་ནས་ཉི་ཤུའི་བར་བརྒལ་དུས་ཡུན་འགྲོ་དགོས།  དུས་ཡུན་འདིའི་ནང་ལ་ས་ངན་གྱི་མི་རྣམས་ལོ་རེར་ཕ་ཡུལ་དུ་ལོག་ནས་བེར་ཤ་དང་དབྱར་རྩུ་དགུན་འབུ་འཐུས་ནས་ཡོང་སྒོ་འཚོལ་ཆོག་པ་དང་།  དེ་ལྟ་བུའི་མི་སེམས་ལ་དྲོད་ཁོལ་སྦྱིན་པའི་གཏན་ཁེལ་ད་དུང་མང་པོ་ཞིག་ཡོད།
        མཱ་ལི་ཧྭ་ཡིས་ད་དུང2023ལོར་སྨིན་གླིང་ནས་ཉེ་བའི་དུས་སུ་གནས་སྤར་ཡོང་བའི་ས་ངན་གྱི་མང་ཚོགས་ཚོའི་ཉེ་བའི་གནས་ཚུལ་སྐོར་ངོ་སྤྲོད་བྱས་པ་སྟེ།  སྨིན་གླིང་གྲོང་ཁྱེར་གྱིས་ས་ངན་གྱི་ཞང་བཞི་དང་གྲོང་ཚོ་བདུན་ནས་ཡོང་བའི་མི་སུམ་བརྒྱ་ལྷག་ལ་ཆེད་དུ་སྲིད་འཛིན་གྲོང་ཚོ་ཞིག་བཙུགས་ནས་མིང་ལ“བཀྲ་ཤིས་གྲོང་གསར”ཞེས་བཏགས་ཡོད་པ་དང་།  ཆེད་དུ་ལས་དོན་རུ་ཁག་མངགས་ནས་གྲོང་ཚོར་བཅའ་སྡོད་བྱེད་དུ་བཅུག་སྟེ།   གནས་སྡོད་དང་ལས་ཞུགས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།  གྲོང་ཚོ་ཨུ་ཡོན་ལྷན་ཁང་གི“ཏང་ཡོན་མང་ཚོགས་ཞབས་ཞུ་ལྟེ་གནས”ཐོག་ཁང་གི་གྱང་ངོས་སུ་ས་ངན་ཡུལ་མི་ཚོའི་ཁྱིམ་རྙིང་གི་འདྲ་པར་དང་སྨིན་གླིང་ཁང་གསར་གྱི་པར་རིས་སྦྱར་ཡོད་པ་ལ་དོན་སྙིང་ཆེན་པོ་ལྡན་པ་སྟེ།   དེ་དག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་བོད་ལྗོངས་ནས་ལེགས་འགྲུབ་བྱུང་བའི་ལག་ལེན་གྱི་བསྡུས་གཟུགས་ཤིག་ཏུ་མཐོང་ངོ་། །