ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཡན་ཅིན་ཧའེ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2024-04-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
  ཡན་ཅིན་ཧའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཚད་མཐོའི་མཐོང་ཆེན་གནང་ནས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་གནང་ཡོད། དེར་བརྟེན་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་དུས་ཐོག་དང་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཏེ་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པས། སྲིད་གཞུང་ཁོངས་གཏོགས་ཀྱིས་ངེས་པར་དུ་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་ལེན་དགོས། གཅིག་ནས་ཚུགས་གནས་མཐོ་རུ་བཏང་སྟེ་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་དངོས་འབྲེལ་ཐུབ་པར་བྱས་ནས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་། ལས་བྱེད་པ་སྤྱོད་གཙང་ཡོང་བའི་དགོས་མཁོ་དངོས། ཐེག་པ་ཁུར་ལེན་ལ་ལྕག་སྐུལ་བྱེད་པའི་དངོས་སྒྲུབ་ཀྱི་བྱ་སྤྱོད་བཅས་ཡིན་པའི་ངོས་འཛིན་གཏིང་ཟབ་བྱས་ཐོག ཏང་ཀྲུང་དབྱང་གི་བླང་བྱ་ཆད་ལུས་མེད་པར་དོན་འཁྱོལ་དང་མགོ་ཡོད་མཇུག་ཡོད་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པ་དང་། གཉིས་ནས་ཤེས་སྦྱོར་གཅིག་མཐུན་གྱིས་ལྷག་བསམ་རྣམ་དག་དང་། གོ་རྟོགས། གུས་སྐྲག་བཅས་དངོས་འབྲེལ་ཤེས་པར་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་བྱེད་པར་དམིགས་ཏེ། དེའི་ཁྲོད་ནས་སྲོག་ཤིང་གི་སྟོབས་ཤུགས་དང་བདེན་དོན་གྱི་རླབས་ཆེ་གཏིང་ཟབ་ཚོར་བར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཏང་ཀྲི་པུའུ་གཞི་རྟེན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཉམས་ལེན་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཁྱོན་ཡོངས་ལ་ཁྱབ་པ་བཅས་ལ་སྐུལ་འདེད་བཏང་ནས་རྒྱུན་གཏན་གྱི་དོ་དམ་བྱེད་ཁོངས་སུ་བཅུག་སྟེ་དཔྱད་ཞིབ་གདེང་འཇོག་ལ་སྤྱོད་དགོས། དུས་དང་རྣམ་པ་ཀུན་ཏུ་བསྡུར་བ་གཏོང་བ་དང་བྱ་བ་ཚང་མ་སྲོལ་ཡིག་དང་བསྟུན་ཏེ། ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་དང་། སེམས་ལ་ཞེད་ས་ཡོད་པ་དང་སྤྱོད་པར་ཚོད་འཛིན་ཡོད་པ་དངོས་འབྲེལ་ཐུབ་པར་བྱེད་དགོས། སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་དང་གཅིག་སྡུད་ཐོག་བགྲོ་གླེང་བྱས་ཏེ། སློབ་སྦྱོང་བྱེད་སྟངས་རྒྱུན་རྣམ་ཅན་དང་། སློབ་སྦྱོང་གི་ནང་དོན་རྒྱུན་རྣམ་ཅན། སློབ་སྦྱོང་གི་དམིགས་ཚད་ཕུགས་ཕན་ཅན་བཅས་ཡོང་བར་བྱས་ནས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་ལ་ཁྲིད་སྟོན་བྱེད་དགོས་པ། གསུམ་ནས་ཉེན་བརྡ་ཡུན་རིང་བསྒྲགས་ནས་དུས་བབ་གསལ་རྟོགས་དང་། དབང་ཆར་དོ་དམ། སྒྲིག་ཁྲིམས་ཡག་པོ་སྲུང་བ་བཅས་བྱེད་པ་དང་། སྔོན་ཚུད་ནས་སློབ་གསོ་དང་། ཉེན་བརྡ། སྔོན་འགོག་བཅས་མཐའ་འཁྱོངས་བྱེད་པ། དམིགས་སའི་རང་བཞིན་དང་། དངོས་ཕན་རང་བཞིན། གནད་འཁེལ་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། “གཅིག་རེ་དགུ”ཡི་ཉེན་བརྡའི་སློབ་གསོའི་བྱེད་སྒོ་རྒྱུན་དུ་སྤེལ་ཏེ། “བསླབ་གཞི་གསོན་པོར”བརྟེན་ནས“མ་འབྱུང་སྔོན་འགོག”ལ་སྐུལ་འདེད་གཏོང་བ་དང“ཉེ་འགྲམ་གྱི་མིར”བརྟེན་ནས“གོ་མེད་ཚོར་མེད་ཀྱི་མིར”སློབ་གསོ་གཏོང་དགོས། སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཁོངས་མིས་དཔེ་མཚོན་གྱོད་དཔེ་དྲངས་ཏེ་གྱོད་དཔེ་དྲངས་ནས་ཀུན་སྤྱོད་བརྗོད་པ་དང་། གྱོད་དཔེ་དྲངས་ནས་སྒྲིག་ཁྲིམས་བརྗོད་པ། གྱོད་དཔེ་དྲངས་ནས་བཅའ་ཁྲིམས་བརྗོད་པ། གྱོད་དཔེ་དྲངས་ནས་འགན་འཁྲི་བརྗོད་པ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་མཐུད་གཏོད་དགོས་པ། བཞི་ནས་དག་ཐེར་དངོས་དང་དག་ཐེར་ཏན་ཏིག་བྱས་ཏེ་འགག་རྩའི་གནས་དང་། གནད་འགག་ཆེ་ས། ལས་བྱེད་པ་དང་མང་ཚོགས་ཀྱི་ནང་སེམས་དག་ཐེར་ཐུབ་པར་བྱེད་པ་དང་། དོན་གྲོས་ཇུས་གཅོད་དང་། རྣམ་གྲངས་འཛུགས་སྐྲུན། མ་དངུལ་བེད་སྤྱོད་སོགས་ལ་དམིགས་ནས་སྲིད་གཙང་འཛུགས་སྐྱོང་གི་ཞན་ཆ་སེལ་བ། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་གྱིས་ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”མཐའ་འཁྱོངས་ཀྱིས་རང་གཅུན་ནན་པོ་དང་། རང་འགན་ནན་འཁུར། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་ཏེ་གནད་དོན་གནད་འཁེལ་འཚོལ་བ་དང་། འབྱུང་རྩ་སྔོག་འདོན་གཏིང་ཟབ། འབད་བརྩོན་ཁ་ཕྱོགས་གསལ་བཟོ། དག་ཐེར་བྱེད་ཐབས་ཞིབ་བཟོ་བཅས་བྱེད་དགོས། ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་ཞིབ་ཕྲའི་བླང་བྱ། ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་གའི་གཙོ་གནད་ལས་དོན་ལེགས་སྒྲུབ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་ནས“ཐ་དད་དུ་འགྱུར་བ་གཉིས”སྔོན་འགོག་ཏན་ཏིག་བྱེད་དགོས།
  ཡན་ཅིན་ཧའེ་ཡིས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ས་ཁོངས་མཐུན་སྦྱོར་ཐད་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། སྐོར་གཟིགས་དག་ཐེར་ཐད་ཕན་འབྲས་དོན་གཉེར་བྱེད་པ། ཤིང་འཛུགས་ནགས་བཟོའི་ཐད་འབད་བརྩོན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཐད་མཐའ་ཚད་སྲུང་བ། ཏང་གི་ལོ་རྒྱུས་སློབ་གསོར་གྲུབ་འབྲས་དངོས་ཐོན་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།