ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཡིག་འབུལ་ཞུ་བཅར་ལ་དམངས་ཀྱི་ཡིད་ཆེས་ཐོབ་པ།

སྤེལ་དུས 2024-04-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  མི་རིང་བའི་གོང་། མང་ཚོགས་ཤིག་གིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡིག་འབུལ་ཞུ་བཅར་ཅུས་ལ་ལྷོ་ཁ་གྲོང་ཁྱེར་གྱི་རྣམ་གྲངས་ག་གེ་མོའི་ཨར་ལས་ཕྱོགས་ཀྱིས་ལས་བཟོ་བ་བརྒྱ་ལྷག་ཙམ་གྱི་གླ་ཆ་སྒོར་ཁྲི་700ལྷག་ཙམ་འགྱངས་ཆད་བྱས་སོང་ཞེས་སྙན་སེང་ཞུས་པ་རེད། སྙན་སེང་ཉན་རྗེས་སྣེ་གདོང་ཆུས་ཀྱིས་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་དང་ཡིག་འབུལ་ཞུ་བཅར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་འགན་འཁུར་བ་སོགས་འཕྲལ་མར་སྒྲིག་འཛུགས་བྱས་ནས། མཐུན་སྦྱོར་བྱས་པ་དང་ཛ་དྲག་མཉམ་འགུལ་ཚོགས་འདུ་འཚོགས་ནས་ཡིག་འབུལ་ཞུ་བཅར་གྱི་དོན་དེར་གྲོས་མོལ་བྱས་པ་རེད། མཐུན་སྦྱོར་བྱས་པ་བརྒྱུད། ཕྱོགས་ཁག་དབར་བསམ་འཆར་གཅིག་མཐུན་བྱུང་ནས་ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་རྣམས་ཐག་གཅོད་བྱས་འབྲས་ལ་བློ་ཡིད་ཚིམ་པོ་བྱུང་བ་རེད།
  ད་རེས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ནི་སྣེ་གདོང་ཆུས་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གཞན་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་རེ་ཞུ་ཡག་པོ་ཡོང་བ་དང་། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་འདུམ་འགྲིག་བྱེད་པ། མང་ཚོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་བཅས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྣམ་པ་བཏོད་ནས། “མ་ཐོན་སྔོན་འགོག”དང“ཞུ་བཅར་ཐེངས་གཅིག་ལས་བྱེད་མི་དགོས” “གནད་སྨིན་སྒྲུབ་པ” “དཀའ་གནད་སེལ་བ” “རྟེན་ས་ཡོད་པ”བཅས“ཐག་གཅོད་བྱེད་ཐབས་ཁག་ལྔ”འཚོལ་ཞིབ་བྱས་པས། 2023ལོར་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་ཀའི་བྱེད་ཐབས”ལ་བདམས་པ་རེད།
  མང་ཚོགས་ཀྱིས“གོང་རིམ་ལ་ཞུ་བ”དེ་ལས་བྱེད་པས“གཞི་རིམ་ལ་འདྲི་རྩད་བྱེད་པར”གྱུར་པ།
  “སྲིད་གཞུང་གིས་མང་ཚོགས་ཀྱི་རེ་འདུན་ནན་ཏན་ངང་ཉན་ནས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་ཚེ་རིམ་པ་བརྒལ་ནས་གོང་ཞུ་བྱེད་མཁན་ཡོང་མི་སྲིད”ཅེས་ཉེ་བའི་ལོ་ཤས་རིང་གི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགྱུར་ལྡོག་སྐོར་གླེང་སྐབས་གོང་ཞུ་བྱེད་མཁན་མང་ཚོགས་ཧྥུའུ་ཆེ་གེ་མོས་བརྗོད།
  ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེན་པོ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་དང་ཡིག་འབུལ་ཞུ་བཅར་གྱི་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་ཏེ། ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་འདྲི་རྩད་དང་འཚམས་འདྲི་བྱེད་པ་དེ་ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་ཤར་གཏོང་དང་། ལས་ཀའི་སྤྱོད་ཚུལ་བསྒྱུར་བ། ཏང་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། “འཐུས་མི་གཉིས་དང་ཨུ་ཡོན་གཅིག” བཅའ་ཁྲིམས་ལས་དོན་པ། མང་ཚོགས་ཀྱི་ལས་ཀའི་ཉམས་མྱོང་ཡོད་པའི་ལས་བྱེད་པ་བཅས་ཡིག་འབུལ་ཞུ་བཅར་ལས་དོན་ནང་ཞུགས་པར་ཁྲིད་སྟོན་བྱས་པ་དང་། 2023ལོ་ནས་བཟུང་། འགལ་ཟླ་དང་རྩོད་གཞི་སེལ་བ་དང་ཡིག་འབུལ་ཞུ་བཅར་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཐེངས་18བྱས་ནས་གྲལ་བཤེར་ཐུབ་པའི་གནད་དོན་ཁག་31ཚང་མ་འདུམ་འགྲིག་ཐུབ་ཡོད། རྫོང་རིམ་པའི་ལས་བྱེད་པས་གོང་ཞུ་ཐེངས་52ལྷག་ཙམ་དང་ལེན་བྱས་པ་དང་། གཞི་རིམ་ལ་བསྐྱོད་ནས་ཡིག་འབུལ་ཞུ་བཅར་ཐེངས་20ཐག་གཅོད་བྱས་པས། ལས་བྱེད་པ་སྒོ་རྩར་སྐྱོད་པ་དང་མང་ཚོགས་འགྲོ་སྐྱོད་ཉུང་བ་མངོན་འགྱུར་བྱུང་ནས་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་སེལ་ཐུབ་ཡོད།
  སྣེ་གདོང་ཆུས་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་2023ལོ་ནས་བཟུང་། འཕྲིན་ཡིག་131དང་ཞུ་བཅར་ལ་ཡོང་མཁན་མི་ཐེངས་168བདག་སྤྲོད་བྱས་པ་དང་། ཡིག་འབུལ་ཞུ་བཅར་གྱི་དོན་དག་ཐེངས་གཅིག་ལ་ཐག་གཅོད་བྱེད་ཚད་98%ཡན་རྒྱུན་འཁྱོངས་ཐུབ་པ་དང་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ནས། ཁོངས་གཏོགས་ཁུལ་གྱི་གནད་དོན་དང་འགལ་ཟླ་མང་དུ་འགྲོ་ཚད་ཉུང་དུ་ཤུགས་ཆེན་ཕྱིན་ཡོད།
  ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ཚང་མར་བརྩི་འཇོག་བྱེད་པའི་ཚོར་སྣང་བྱུང་བ།
  ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་ཡིག་འབུལ་ཞུ་བཅར་གྱི་དོན་ཚན་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་དམིགས་ནས་བཅའ་ཁྲིམས་དང་། སྒྲིག་སྲོལ། སྲིད་ཇུས་བཅས་གཞིར་བཟུང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བྱས་ཡོད། ཉིན་དེ་རང་ལ་བདག་སྤྲོད་དང་ཉིན་དེ་རང་ལ་བརྒྱུད་སྤྲོད་བྱེད་པའི་ལས་ཀའི་རྩ་དོན་གཞིར་བཟུང་། ཡིག་འབུལ་ཞུ་བཅར་བྱེད་མཁན་ལ་བདག་སྤྲོད་བྱས་ཚུལ་དང་། བརྒྱུད་སྤྲོད་བྱེད་ས། ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་བཅས་ཀྱི་གཏན་འབེབས་འགྲེལ་བཤད་བརྒྱབ་སྟེ་ས་གནས་དེ་གར་བསྒྲུབ་ཐུབ་ན་འཕྲལ་མར་བསྒྲུབ་དགོས་པ་དང་ས་གནས་དེ་གར་བསྒྲུབ་མ་ཐུབ་པའི་རིགས་དུས་བཀག་ནང་བསྒྲུབས་ནས། མང་ཚོགས་ཀྱི་དུས་ཚོད་གྲོན་ཆུང་དང་ནུས་ཤུགས་ཉུང་དུ་གཏོང་གང་ཐུབ་བྱས་ཡོད། 2023ལོ་ནས་བཟུང་། སྣེ་གདོང་ཆུས་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་4འཚོགས་ནས། སྒྲུབ་བཞིན་པའི་གྱོད་གཞི་དང་ཡིག་འབུལ་ཞུ་བཅར་གྱི་མངོན་མེད་རྐྱེན་ངན་གྱི་འགན་འཁྲི་དབྱེ་འབྱེད་བྱས་ཏེ་འགོ་ཁྲིད་ཀྱི་འགན་འཁྲི་དང་། ས་ཁོངས་ཀྱི་འགན་འཁྲི། སྡེ་ཚན་གྱི་འགན་འཁྲི་བཅས་སྔར་བས་ནན་དུ་བཏང་ནས་གནད་དོན་ཐག་གཅོད་འོས་འཚམ་བྱེད་པར་སྐུལ་འདེད་བཏང་བ་རེད།
  དུས་མཚུངས་སུ་གཙོ་གནད་ཡིག་འབུལ་ཞུ་བཅར་གྱི་གནད་དོན་འདུམ་འགྲིག་བྱེད་པར་མངོན་གསལ་དོད་པོས་དམ་འཛིན་བྱས་ཤིང་། སྣེ་གདོང་ཆུས་ཀྱིས་ཡིག་འབུལ་ཞུ་བཅར་གྱི་གྱོད་དོན་ཐད“གྱོད་གཞི་འགན་ལེན་གཏན་འཁེལ་དང་། འགན་འཁྲིའི་ཚན་པ་གཏན་འཁེལ། འདུམ་འགྲིག་ཇུས་གཞི་གཏན་འཁེལ། འདུམ་འགྲིག་དུས་བཀག་གཏན་འཁེལ། འདུམ་འགྲིག་དམིགས་ཚད་གཏན་འཁེལ། ལས་ཀའི་བླང་བྱ་གཏན་འཁེལ”བཅས“འདུམ་འགྲིག་གཏན་འཁེལ་དྲུག”གི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་མ་ཟད། དུས་ཡུན་རིང་བ་དང་། ས་ཁོངས་ཆེ་བ། རྒྱུ་རྐྱེན་རྙོག་འཛིང་ཆེ་བ་བཅས་ཀྱི་གཙོ་གནད་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ལ་དམིགས་ཏེ་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞིའི་འགལ་ཟླ་བཙལ་བའི་ཁར་གོང་ཞུ་བྱེད་མཁན་གྱི་སེམས་གནད་ལ་བསམ་གཞིག་བྱེད་པ་དང་། བཅའ་ཁྲིམས་དང་། སྲིད་ཇུས། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་བྱེད་ཐབས་དང་དེ་བཞིན་སློབ་གསོ་དང་། གྲོས་མོལ། ཁྲིད་སྟོན་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་བེད་སྤྱོད་བཏང་ནས་གྱོད་གཞི་ཐག་གཅོད་དང་ཞུ་གཏུག་འདུམ་འགྲིག་ཐུབ་པར་བྱས་ཡོད། རྙོག་དྲ་བཤད་ནས་ཐག་གཅོད་ཡོང་རེ་དང་ངོ་བཅར་བྱས་ཏེ་ཁེ་ཕན་ཐོབ་རེ་བྱེད་མཁན་ཉུང་ཤས་ལ་གནས་ཚུལ་ཤོད་པ་དང་སློབ་གསོ་ཁྲིད་སྟོན་བྱས་པ་དང་། ཁ་ཏ་བསླབ་བྱར་མི་ཉན་པར་བཅའ་ཁྲིམས་ཀྱི་མཐའ་ཚད་ལས་བརྒལ་མཁན་ལ་ཁྲིམས་བཞིན་ཐག་གཅོད་བྱས་པ་རེད། 2023ལོ་ནས་བཟུང་། གྲོང་ཁྱེར་དེའི་ས་ཁང་བདག་ཁོངས་གསར་སྤེལ་རྣམ་གྲངས་ཀྱི“འགྱངས་ཆད་གཉིས”ཀྱི་གནད་དོན་སྐོར་ཡིག་འབུལ་ཞུ་བཅར་བྱས་པར་བརྟག་དཔྱད་བྱས་ནས། དཀའ་རྙོག་ཆེ་བའི་ཡིག་འབུལ་གནད་དོན་དང་ཡུན་རིང་ཐག་གཅོད་མ་བྱུང་བའི་གྱོད་གཞི་5ཐག་གཅོད་ནུས་ལྡན་བྱས་པ་རེད།
  ཡིག་འབུལ་ཞུ་བཅར་གྱི“གནད་དོན་རེ་རེར་ལན་ཡོད་པ་དང་གྱོད་དོན་རེ་རེ་ཐག་གཅོད”ཐུབ་པར་བྱས་པ།
  སྣེ་གདོང་ཆུས་ཡར་སྟོད་ཤང་གི་མང་ཚོགས་མིག་ཆེ་གེ་མོར་ཐེམ་ཐོའི་དབང་གིས་ཁོང་གི་བུར་སློབ་ཆེན་གྱི་རོགས་དངུལ་ལེན་ཐུབ་མེད་པར་བརྟེན། མིག་ཆེ་གེ་མོས་གནས་ཚུལ་དེ་དྲ་ཐོག་ནས་སྣེ་གདོང་ཆུས་ཡིག་འབུལ་ཞུ་བཅར་ཅུས་ལ་སྙན་སེང་ཞུས་རྗེས་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད།
  “སྙན་སེང་ཞུས་པའི་གནད་དོན་དང་། བདག་སྤྲོད་བྱས་ནས་ལན་འཇོག གནད་དོན་རྩིས་སྤྲོད་དང་གནད་དོན་ཐག་གཅོད་བཅས་ཀྱི་ལས་རིམ་ཡོངས་དྲ་ཐོག་ནས་ལྟ་ཐུབ”ཅེས་སྟབས་བདེ་གོ་ཆོད་ཀྱི་དྲ་ཐོག་ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་གླེང་སྐབས་མིག་ཆེ་གེ་མོས་བསྔགས་བརྗོད་བྱེད་ཀྱི་འདུག
  ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་ཡིག་འབུལ་ཞུ་བཅར་གྱི་ཆ་འཕྲིན་མ་ལག་བཙུགས་པ་དང་ཁྱབ་གདལ་བཏང་ནས་དྲ་ཐོག་ཡིག་འབུལ་ཞུ་བཅར་དེ་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་གཙོ་བོར་བརྩིས་ནས་ཡིག་འབུལ་ཞུ་བཅར་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་བེད་སྤྱོད་ཀྱི་གོམ་སྟབས་མགྱོགས་སུ་བཏང་བར་བརྟེན། ཡིག་འབུལ་ཞུ་བཅར་གྱི“གནད་དོན་རེ་རེར་ལན་ཡོད་པ་དང་གྱོད་དོན་རེ་རེ་ཐག་གཅོད”ཏན་ཏིག་ཐུབ་ཡོད། དུས་མཚུངས་སུ“ཕྱིར་མོལ་འདྲི་རྩད”ལ་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས་སྒྲུབ་གཉེར་བྱས་ཟིན་པའི་ཡིག་འབུལ་ཞུ་བཅར་གྱི་དོན་གནད་ལ་འོས་འཚམ་གྱི་དུས་སྐབས་ལ“གཅིག་གཏད་གཅིག”གི་ཕྱིར་མོལ་བྱས་ནས་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་བྱས་འབྲས་ལ་མང་ཚོགས་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པར་བྱས་པ་རེད།
  སྣེ་གདོང་ཆུས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་འགན་འཁུར་བས། གོམ་སྟབས་རྗེས་མར་སྣེ་གདོང་ཆུས་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་མུ་མཐུད་དམངས་ཆེད་བརྩེ་སེམས་ཟབ་མོ་འཆང་བ་དང་། མཐའ་ཚད་ཀྱི་བསམ་གཞིག་དང་ཁྲིམས་སྐྱོང་གི་བསམ་གཞིག་མཐའ་འཁྱོངས། སེམས་ནུས་ཡོད་རྒུས་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་འདུམ་འགྲིག་བཅས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།